༈ བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་ནི་ཕྱི་ལོ་ ༡༩༧༣ ཟླ་ ༧ ཚེས་ ༦ ༸རྒྱལ་བའི་སྐུའི་འཁྲུངས་སྐར་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འཛུགས་བཀའ་དྲིན་བསྐྱངས། སློབ་གཉེར་ཁང་འདི་ནི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་སྒེར་གྱིས་གསར་འཛུགས་བསྐྱངས་པའི་སློབ་གཉེར་ཁང་ཐོག་མ་དེ་ཡིན། ཞིང་གཤེགས་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་དབུ་འཛིན་དང་དགེ་རྒན་གཅིག་ལྕོགས་གནང་སྟེ་འཛིན་སྐྱོང་དང་རྒྱ་བསྐྱེད་གནང་བ་ཞིག་ཡིན།
རིགས་ལམ་སློབ་གཉེར་ཁང་གི་ངོ་སྤྲོད་ཅུང་རྒྱས་པ་བཞུགས་སོ།།
ཨ་རི་བོད་སྐད་རྒྱང་བསྒྲགས་ལས་ཁུངས་ནས་ཆེད་བསྐུལ་ལྟར་ཨ་རིར་བཞུགས་པའི་སྐུ་ཞབས་མཁས་བཙུན་ལགས་ནས་རིགས་ལམ་སློབ་གཉེར་ཁང་འདིའི་སྐོར་དབུ་དགེ་བློ་བཟང་རྒྱ་མཚོ་མཆོག་ལ་དྲི་བ་དྲི་ལན་མཛད་པ་གཤམ་གསལ།
དྲི་བ། མཚན་ཉིད་སློབ་གྲྭའམ་རིགས་ལམ་སློབ་གཉེར་ཁང་འདི་ག་དུས་དབུ་བརྙེས་པ་ཡིན་ནམ།
ལན། ཕྱི་ལོ་ ༡༩༧༣ ལོར་༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ཉིན་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་གི་ངང་དབུ་བརྙེས་པ་རེད། ( [1]དྷ་ས་རིགས་ལམ་སློབ་གཉེར་ཁང་འདི་ཉིད་ཕྱི་ལོ་ ༡༩༧༣ ནང་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུ་འཛུགས་གནང་བ་ཞིག་རེད།)
དྲི་བ། འོ་ན་ད་ལྟའི་མཚན་ཉིད་སློབ་གྲྭ་འདི་ཤེས་རིག་ལས་ཁུངས་སམ་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་གང་ཡིན་ནམ།
ལན། མཚན་ཉིད་སློབ་གྲྭ་འདི་ཐོག་མཐའ་བར་གསུམ་དུ་སྐུ་སྒེར་ནས་གཟིགས་སྐྱོང་གནང་ཞིང་། ཁྱད་པར་དུ་༸གོང་ས་མཆོག་ཉིད་ཀྱིས་ཐད་བཀོད་གཟིགས་སྐྱོང་འོག་ཡིན། འོ་ན་འདི་ལྟར་ཡོང་རྐྱེན་གང་འདྲ་ཡིན་ནམ་ཞེ་ན་ཐོག་མར་ཕྲན་མ་སུ་རིར་ཆོས་དགེ་བྱས་ནས་སྡོད་སྐབས་མ་སུ་རིར་སློབ་ཁྱིམ་གཉིས་ནས་སྤྱིར་བཏང་སློབ་ཕྲུག་ཆིག་སྟོང་བརྒལ་བ་ཡོད་པ་དེའི་ནང་ནས་རང་མོས་ཀྱིས་རབ་བྱུང་དུ་ཞུགས་པ་བདུན་ཅུ་སྐོར་ཡོད་ཅིང༌། ༡༩༧༡ ལོར་དྷ་རམ་ཤ་ལར་ཤེས་རིག་ཚོགས་འདུ་ཐེངས་གཉིས་པ་ཚུགས་གཏན་འཁེལ་བ་དང་། ཕྲན་ཡང་དེར་གཅོར་མཁན་ལ་སོང་སློབ་ཕྲུག་རབ་བྱུང་ཚོར་ཕྲན་དྷ་སར་ཤེས་རིག་ཚོགས་འདུར་བཅར་རྩིས་ཡོད་ན། ཁྱེད་རང་ཚོར་རེ་འདུན་ག་རེ་ཡོད་དམ་དྲིས་པར། ཁོང་ཚོས་ང་ཚོ་གྲྭ་པ་ཡིན་སྟབས་ང་ཚོ་སློབ་གྲྭ་འདི་ནས་ཐོན་རྗེས་ནང་དོན་རིག་པའི་མཚན་ཉིད་སློབ་གཉེར་བྱེད་འདོད་ཆེ་ཡང༌། ད་ལྟའི་ཆར་གདན་སར་ཕྱིན་ན་དཀའ་ངལ་མང་དག་ཅིག་ཡོད་ཙང་དེར་འགྲོ་མ་དགོས་པར་དེང་དུས་དང་མཐུན་པའི་མཚན་ཉིད་སློབ་གཉེར་བྱེད་སའི་སློབ་གྲྭ་ཞིག་ཟུར་འཛུགས་གནང་ཐབས་ཡོང་བ་ཞེས་རེ་འདུན་བཏོན་བྱུང༌། ཁོང་ཚོས་རེ་འདུན་དེ་ལྟར་བཏོན་པ་དེ་དངོས་འབྲེལ་མ་ཟད། ཁོང་ཚོ་གྲྭ་པ་ཡིན་སྟབས་སློབ་གྲྭ་ཐོན་དུས་ལྡི་ལི་དང་ཅན་དི་གྷར་སོགས་རྒྱ་གར་གྱི་མཐོ་རིམ་སློབ་གཉེར་དུ་བསྐྱོད་དགོས་ཤར་ཚེ། དམིགས་བསལ་གྱི་དཀའ་ངལ་ཆགས་ཀྱི་ཡོད་པར་སོང༌། ཁོང་ཚོས་རེ་བ་བཏོན་པ་ལྟར་གཟབ་གཟབ་སིག་སིག་བྱས་ནས་དྷ་སར་ཤེས་རིག་ཚོགས་འདུ་དེར་༸གོང་ས་མཆོག་ཚོགས་འདུའི་དབུ་བཞུགས་དང་བསྟུན། ཁོང་ཚོའི་རེ་འདུན་དེ་སྙན་སེང་ཞུས་པས་༸གོང་ས་མཆོག་ནས་དེ་འདྲ་བཙུགས་པ་ལ་མཐུན་རྐྱེན་དང་ལས་དོན་གང་ས་ཅི་ཐད་ནས་ཁག་པོ་ཡོད་ཀྱང་བསམ་བློ་གཏོང་ཆོག་གི་རེད་ཅེས་བཀའ་གནང་བྱུང༌། དེ་ནས་ང་ཚོ་ཚོགས་འདུ་གྲུབ་རྗེས་༸རྒྱལ་བ་རིན་པོ་ཆེར་མཇལ་བཅཪ་ཞུས་ཏེ་ཕྱིར་ལོག་སྐབས་མ་སུ་རི་ཆོས་དགེ་ཡར་ཤོག་ཅེས་བཀའ་འགུགས་མཛད་པ་ལྟར་བཅར་བས། ཁ་སེང་ཁྱེད་རང་གིས་རེ་འདུན་བཏོན་པ་ལྟར་ཏན་ཏན་སློབ་སྦྱོང་ཡག་པོ་བྱེད་མཁན་དེ་འདྲ་འདུག་གམ་ཞེས་བཀའ་དྲི་གནང་བྱུང་བས། ཕྲན་ནས་མང་པོ་རང་ཡོད་མིན་མི་ཤེས་ཏེ་རེ་ཟུང་ཡོད་ཅིང༌། ཞིབ་མོལ་བྱ་རྒྱུ་བྱུང་ན་མང་དུ་འགྲོ་ས་རེད་བསམ་གྱི་འདུག་ཞུས། དེ་འདྲ་ཡིན་ན་ཕྲུ་གུ་འཕྲོ་བརླག་མི་འགྲོ་བ་ཞིག་བྱེད་ན་ཡང་ཡག་པོ་འདུག་པས། རེ་ཞིག་ཕྱི་རུ་གསལ་བསྒྲགས་མ་བྱས་པར་ནང་དོན་སློབ་ཕྲུག་ཚོའི་མིང་ཐོ་བསྡུས་ནས་ངའི་སར་ཐོངས་ཤོག་དང་ང་ཚོས་བལྟ་གི་ཡིན་ཞེས་གསུངས་བྱུང༌། དེ་ནས་ཕྲན་མ་སུ་རིར་ཕྱིར་བསྐྱོད་ཀྱིས་དེ་དོན་མ་སུ་རི་སློབ་ཁྱིམ་གཉིས་སུ་ཞིབ་མོལ་དང་བཅས་སློབ་གྲྭ་གཞན་ཁག་གི་ཆོས་དགེ་རྣམ་པར་གནས་ཚུལ་འདི་འདྲ་ཡོད་སྐོར་གྱི་གནས་བྲིས་ཕུལ་ཡང་ཁོང་ཚོར་དོགས་གཞི་ཆགས་ཏེ་གནས་ལན་གནང་མ་བྱུང༌། མ་སུ་རིར་མིང་ཐོ་བསྡུས་པས་ཐོ་འགོད་བྱེད་མཁན་ཉི་ཤུ་རྩ་གཅིག་དང༌། དེ་རྗེས་ཌ་ལ་ཧོ་སི་ནས་གསུམ་དང༌། སིམ་ལ་ནས་གཉིས། དྷ་སར་ཡོད་པ་ཁ་ཤས་བསྣན་པས་ཁྱོན་ཉི་ཤུ་རྩ་དགུ་སྟེ། ༸གོང་ས་མཆོག་ལ་སློབ་གྲྭ་ཁག་གཅིག་པུ་ནས་བསྡུས་པའི་མི་གྲངས་ཉི་ཤུ་རྩ་དྲུག་གི་མིང་ཐོ་ཕུལ་བ་ཡིན། འོན་ཀྱང་ལོ་གཅིག་ཙམ་རིང་བཀའ་ལན་གང་ཡང་གནང་མ་བྱུང་སྟབས་དགོངས་གཞི་གང་འདྲ་ཞིག་བཞེས་ཀྱི་ཡོད་དམ། བཀའ་ལན་ད་ལྟའང་གནང་མ་བྱུང་སྙམ་སྟེ་སེམས་ཚབས་གང་འཚམས་བྱུང་ཞིང་དེ་འདྲའི་མུ་ལ་༸གོང་ས་མཆོག་རྡོ་རྗེ་གདན་ལ་ཕེབས་ཀྱི་འདུག་པས། ཕྲན་ཡང་རྡོ་རྗེ་གདན་སོགས་གནས་མཇལ་དུ་བསྐྱོད་ཞོར་མཇལ་བཅར་སྐབས་བཀའ་གསལ་ཕེབས་ན་སྙམ་ཡང་གནང་མ་བྱུང༌། སྐབས་དེར་ཕྲན་དང་མཉམ་དུ་དགེ་རྒན་རོགས་པ་མང་པོ་ཡོད་པས་མ་གསུངས་པ་ཡིན་ནམ་སྙམ།
དེ་རྗེས་སྐུ་ངོ་རྟ་ར་ལགས་ནས་ཕྲན་ཆེད་འགུགས་ཀྱིས་སྔར་ཁྱེད་རང་ནས་མིང་ཐོ་ཕུལ་ཡོད་པ་དེའི་སྐོར་སྐུ་མདུན་ནས་དགོངས་བཞེས་གནང་གི་འདུག ཡིན་ནའང་ཁོང་ཚོ་ཝ་ར་ཎ་སིར་འགྲོ་བཞག་ན་འགྲིགས་ཀྱི་མེད་དམ་གསུངས་བྱུང་བར། གུས་པས་ཞུ་དོན་ཁོང་ཚོ་ཝ་ར་ཎ་སིར་འགྲོ་འདོད་མི་འདུག འགྲོ་འདོད་ཡོད་ན་ཐད་ཀར་འགྲོ་ཆོག་པ་ཡོད་ནའང་ཁོང་ཚོ་མཚན་ཉིད་རང་སྦྱོང་འདོད་ཡོད་པ་འདྲ། གང་ལྟར་ཡང་ཁོང་ཚོ་དང་བླངས་དོན་པ་ཤ་སྟག་ཡིན་པར་སོང་དགེ་རྒན་ཡག་པོ་ཞིག་འཛུགས་གལ་ཆེ་ལུགས་དང༌། དགེ་རྒན་ཡང་དེང་དུས་དང་འཚམས་པ་ཐབས་མཁས་ཤིག་མ་བྱུང་ན་ཁོང་ཚོ་ཕ་ནས་ཐོན་རྗེས། འདི་གར་རན་ལ་མ་རན་གྱི་རྐྱེན་པས་འཕྲོ་བརླག་འགྲོ་ཉེན་ཡོད་གཤིས། དེ་དོན་དགོངས་བཞེས་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། དེ་ནས་ཟླ་ཤས་རྗེས་༸གོང་ས་མཆོག་མ་སུ་རིར་ཕེབས་འཆར་ཡོད་པ་ལྟར་ཆིབས་བསྒྱུར་བཀའ་དྲིན་ཆེ་སྐབས་སློབ་གྲྭ་གསར་འཛུགས་ཐུབ་པའི་རེ་བ་ཡོད་ཅེས་བཀའ་ཕེབས་ཤིང༌། དེ་སྔོན་ཕྱི་ལོ་ ༡༩༦༩ ལོར་༸སྐུ་མདུན་མ་སུ་རིར་ཆིབས་བསྒྱུར་གྱིས་ཕྲན་ཡོད་སའི་བུ་མོའི་མལ་ཁང་དུ་གཟིགས་སྐོར་བཀའ་དྲིན་ཆེ་བ་དང༌། གུས་པའི་ཤག་ཏུའང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའི་བདུད་རྩི་ཇི་སྙེད་ཅིག་ཕེབས་པའི་མཐར། ཁྱེད་རང་ངེད་ཀྱིས་ག་རེ་ལབ་པ་དེར་མཉན་པ་ལས་གཞན་དག་གང་བྱུང་སར་མ་འགྲོ། ང་ཚོ་ཕན་ཚུན་འབྲེལ་བ་བྱེད་དགོས། ཁྱེད་རང་བྱ་བྲལ་འགྲོ་ཐུབ་ནའང་ཡག་པོ་རེད་ཅེས་བཀའ་བཟང་ཕེབས། གུས་པས་ཞུས་དོན་གུས་པ་ལམ་སེང་འགྲོ་ཐུབ་པ་མི་འདུག་རུང་། སེམས་པའི་སྟེང་ནས་ཅིས་ཀྱང་གྲ་སྒྲིག་བྱེད་ཆོག་པ་ཞེས་ཞུས་པ་ཡིན། དེ་ནས་རྗེས་མར་གྲ་སྒྲིག་བགྱིས་ཟིན་ནས་ཕྱིས་འདི་གར་ཕེབས་མཚམས་དགོངས་ཁྲོལ་ཞུ་དགོས་སྙམ་སྟེ་ཕྱི་ལོ་ ༡༩༧༢ ལོར་ཆིབས་བསྒྱུར་སྐབས་སྔར་བཀའ་གནང་བ་བཞིན་བྱ་བྲལ་དུ་བསྐྱོད་ཆོག་ཡིན་པས་དེ་དོན་བསྐྱོད་འཐུས་ཆོག་པ་ཞུས་པས། བཀའ་ལན་དུ། ཁྱོད་རང་གནས་སྐབས་བྱ་བྲལ་འགྲོ་ཡས་མི་འདུག་པས་སྡོད་དགོས་གསུངས་བྱུང་བས་ལགས་སོ་ཞུས།
དེ་ནས་༸གོང་ས་མཆོག་མ་སུ་རི་ནས་ཆིབས་བསྒྱུར་ཕེབས་རྗེས་མི་རིང་བར་མ་སུ་རི་སློབ་སྤྱི་སྐུ་ངོ་ཕྲ་རིང་ལགས་རྡ་སར་གཟིམ་ཆུང་དུ་བཅར་བ་བརྒྱུད་བཀའ་ཡིག་གནང་བྱུང་བ་དེའི་ནང་ཁྱེད་རང་གིས་ལབ་པ་ལྟར་སློབ་གྲྭ་དེ་འདྲ་འཛུགས་འཆར་ཡོད་ཅིང་། དགེ་རྒན་ཁྱེད་རང་ཡོང་དགོས་ཞེས་བཀའ་འཁོད་གནང་འདུག སྤྱིར་བཏང་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་དགེ་རྒན་ཕར་ཚུར་སྤོ་རེས་བྱེད་ཀྱི་ཡོད་ཀྱང་སྐུ་ངོ་ཕྲ་རིང་ནས་ང་ཕར་ཚུར་གཏོང་རྩིས་རྩ་བ་ནས་གནང་གི་མེད་གཤིས། དེ་ལྟར་ཐོས་པ་ན་ཕྲན་རང་ཧང་སང་ཞིང་འདྲོགས་པས། ངས་དེའི་དགེ་རྒན་ཇི་ལྟར་བྱེད་ཐུབ། དེ་ལྟ་བུའི་ཞབས་ཞུ་གཏན་ནས་མི་འཇོན། ང་སློབ་གྲྭ་འདིར་བཞག་ན་ད་ཕན་ཕན་རླབས་ཏོག་ཙམ་བྱུང་ཞིང་ཕྲུ་གུ་ཚོས་ཀྱང་ང་ལ་དགའ་པོ་བྱེད་ཀྱི་ཡོད། འདི་མུར་བཞག་ན་སློབ་གྲྭ་བར་ཕན་རླབས་ཆེ་ཡང་མཚན་ཉིད་དགེ་རྒན་དུ་དེ་ཙམ་ཕན་ཐོགས་མི་འབྱུང་བས་དགོངས་ཁྲོལ་ཡོང་བ་དང༌། མཚན་ཉིད་དགེ་རྒན་ཕྲན་ལས་ལྷག་པ་ཆེས་མང་ལུགས་སྐུ་ངོར་ཞུས་པས་སྐུ་ངོ་ནས་དགོངས་པ་ཞུ་ས་ཞིག་ཡོད་ན་ངས་ཞུ་གི་རེད། ཁྱེད་རང་ཞུ་དགོས་དོན་མེད་ལ་ཁྱེད་རང་གཞན་དུ་གཏོང་རྩིས་རྩ་བ་ནས་མེད་པ་ཁྱོད་ཀྱིས་ཤེས་གསལ་རེད།
ད་རིང་སྐུ་མདུན་རང་ནས་ང་རང་གཟིམ་ཆུང་དུ་བཀའ་འགུགས་ཀྱིས་ཁྱེད་རང་མཚན་ཉིད་དགེ་རྒན་དུ་ངེས་པར་གཏོང་དགོས་ཞེས་བཀའ་ནན་གྱིས་ཐག་བཅད་གནང་བས་གྱེན་ལྡོག་ཞུ་ཐབས་བྲལ་བས་ངེས་པར་བསྐྱོད་དགོས་ལུགས་གསུངས། དེ་ལྟར་ཡིན་ན་ངས་དེ་ལྟར་འབྱོན་ཨེ་ཡོང་ངམ། མོ་ཞིག་རྒྱག་གི་ཡིན་ཞེས་ཞུས་པས་སྐུ་ངོ་ནས་རྒྱལ་བ་རིན་པོ་ཆེ་ནས་བཀའ་གནང་ཚར་ན་དེ་ལས་ལྷག་པ་མོ་ཅི་ཕྱིར་རྒྱག་དགོས། འབྱོན་ནའང་འདྲ་མ་འབྱོན་ནའང་འདྲ་༸རྒྱལ་བས་བཀའ་གནང་བ་དེ་ལས་ཐབས་ཤེས་གཞན་མེད། ངེས་པར་དུ་བསྐྱོད་དགོས་པས་འགྲོ་གྲབས་གྱིས་ཞེས་གསུངས། དེ་ནས་དེ་གའི་ལོ་འདིའི་ཕྱི་ཟླ་ ༥ ཙམ་ལ་རྡ་སར་བསྐྱོད་དེ་༸རྒྱལ་བ་རིན་པོ་ཆེ་མཇལ་བཅར་ཞུ་དུས་༸སྐུ་མདུན་ནས་སློབ་གྲྭ་གང་མྱུར་འཛུགས་རྒྱུའི་གྲ་སྒྲིག་བྱོས་གསུངས། དེ་ནས་སྐུ་སྒེར་དྲུང་ཆེ་སྐུ་ངོ་རྟ་ར་ལགས་སར་བཅར་བས་ཁོང་གིས་འདི་རྣམ་རྒྱལ་གྲྭ་ཚང་གི་ཡན་ལག་ཏུ་བཙུགས་ན་དཀའ་ངལ་མེད་ལུགས་གསུངས་བྱུང་ཡང་དེ་ནི་ཁག་པོ་ཞེ་དྲག་ཡིན་ལུགས་ཞུས་པ་ཡིན། དེ་ནས་ངས་ལམ་སེང་སློབ་གྲྭའི་འཆར་གཞི་རེའུ་མིག་དང་། འཛིན་གྲྭ་ཚུགས་སྟངས་སྐོར་རོབ་ཙམ་བཟོས་ནས་ཕུལ་བས་༸སྐུ་མདུན་ནས་མཚན་ཉིད་སློབ་གཉེར་དེ་གཏིང་རིང་པོ་ཡིན་ཙང་ཁོང་ཚོས་སྦྱང་བརྩོན་ཐུབ་མིན་མི་ཤེས་ཏེ། ཁོང་རང་ཚོའི་རེ་བ་བཞིན་ཚོད་ལྟ་འདྲ་པོ་ལོ་གཉིས་གསུམ་ཚུགས། དེ་ནས་ཡག་པོ་བྱུང་ན་མུ་མཐུད་རྒྱུ་དང་ཡག་པོ་མ་བྱུང་ན་བཞག་ཆོག་གི་རེད། དེར་བརྟེན་ད་ལྟ་གཏན་ཆགས་མ་རེད་ཚོད་ལྟ་རེད་ཅེས་ཁོང་ཚོར་ཤོད། ལམ་ལྷོངས་ཡོང་མིན་ད་ལྟ་ཁག་པོ་རེད་ལ་མཚན་ཉིད་སློབ་གཉེར་ཞེས་པ་ལས་སླ་པོ་མེད་གསུངས། འཁྲུངས་སྐར་དུས་ཆེན་ཉེ་བས་དེ་ཉིན་མཛད་སྒོ་སྟབས་བདེ་ཞིག་དང་བཅས་འཛུགས་དགོས་བཀའ་ཕེབས་པ་བཞིན་ཞུས། དེ་དུས་ཁང་པ་ཉིས་ཐོག་ལྕགས་ཤོག་སྔོན་པོ་བྱས་པ་དེར་དྲིལ་བསྒྲགས་ལས་ཁུངས་ཚུགས་བཞིན་ཡོད་ཀྱང་ཛ་དྲག་ཐོག་གནས་སྤོ་བགྱིད་དུ་བཅུག དེ་མཚུངས་སློབ་ཕྲུག་རྣམས་མིང་ཐོ་གཞིར་བཟུང་འབོད་བརྡ་བཏང་དོན་བཞིན་གྲངས་ཚང་དུས་ཐོག་འབྱོར་བྱུང་བ་དེས་སོན་རྩ་བྱས་ནས་སློབ་གྲྭ་འདི་བཙུགས་པ་རེད།
དྲི་བ། ཐོག་མར་སློབ་གྲྭ་འཛུགས་དུས་མི་གྲངས་ག་ཚོད་ཡོད་དམ། དེའི་སྐབས་གནས་ཚུལ་གང་དང་གང་བྱུང་ཡོད་དམ།
ལན། སྐབས་དེར་སློབ་གྲྭ་ཁག་ནས་མིང་ཐོ་བསྡུས་པ་བཞིན་ཉེར་དགུ་དང་མ་ཆེན་གཉིས། ཕྱི་རྒྱལ་བ་གཉིས། དགེ་རྒན་ཕྲན་བཅས་ཡོད། ཕྲན་ནས་ཐོག་མར་མཇལ་བཅཪ་སྐབས་༸རྒྱལ་བའི་སྤྱན་སྔར་ད་རེས་ཀྱི་ལས་དོན་ནི་དཀའ་ངལ་ཆེན་པོ་ཞིག་ཡིན་ན་གུས་པ་རང་ངོས་ནས་དོན་ཚན་གསུམ་ཐོག་དམ་བཅའ་ཕུལ་བ་ཡིན། དང་པོ། སློབ་ཕྲུག་ཚོ་སེམས་ཤུགས་འཕར་བའི་ཆེད་དུ་སློབ་ཕྲུ་ཚོར་འཚོ་ཕོགས་ག་ཚོད་ཡོད་པ་ད་ག་རང་མ་གཏོགས་ཕྲན་ནས་དེ་ལས་ལྷག་པ་ཞུ་གི་མིན་ཞེས་དང༌། གཉིས་པ། ཕྲན་ལ་གོ་གནས་དང་མིང་ཆེན་པོ་གང་ཡང་མི་དགོས་ཀྱང་ལས་དོན་གང་ཅིར་གང་ཐུབ་ཅི་ཐུབ་ཀྱིས་ཧུར་ཐག་ཞུ་གི་ཡིན་ཞེས་དང་། གསུམ་པ། སྒེར་གྱི་དཔལ་འབྱོར་ལས་དོན་སྤངས་ནས་སྤྱི་དོན་འབའ་ཞིག་དང་དེ་ཡང་སློབ་གཉེར་བ་དམའ་རིམ་དང་མཉམ་འདྲིས་མཉམ་སྐྱོད་ཐོག་ནས་སྲི་ཞུ་སྒྲུབ་ཆོག་པ་སྟེ། གང་ལགས་ཤེ་ན། སློབ་གཉེར་བ་མཐོ་རིམ་ཁག་ལ་ལྟ་སྐྱོང་བྱེད་མཁན་མང་ཡང་དམའ་རིམ་ལ་དེ་བཞིན་ཚགས་ཚུད་མི་འདུག་པས་དམའ་རིམ་གྱི་ལས་དོན་བྱས་ན་ཕན་ཐོགས་ཆེ་བ་ཡོང་ངེས་འདུག་ཅེས་ཞུས་པ་ཡིན། དེ་ནས་སློབ་གྲྭ་དངོས་གཞིའི་སྐབས་སློབ་གྲྭའི་སྐོར་གྱི་དྲིལ་བསྒྲགས་གང་ཡང་བྱས་མེད་ལ་རྟེན་འབྲེལ་ཡང་སྟབས་བདེ་ཞིག་ལས་བྱས་མེད། རྒྱུ་མཚན་ནི་སློབ་གྲྭ་འདི་བོད་པའི་སྤྱི་ཚོགས་ནང་དཔེ་གསར་ཅན་ཞིག་ཡིན་པར་སོང་ལྟ་ཚུལ་དང་མཐོང་ཚུལ་མི་འདྲ་བ་ཇི་སྙེད་ཅིག་ཡོད་པས་ཡིན། རྟེན་འབྲེལ་དངོས་གཞིའི་སྐབས་སྐུ་ངོ་བསྟན་འཛིན་དགེ་དར་ལགས་ཕེབས་ནས་རྟེན་གཙོར་མཇལ་དར་ཕུལ་བ་དང༌། ཕྲན་ལའང་མཇལ་དར་ཞིག་གནང་བྱུང༌། གསོལ་ཕོགས་ཐད་སློག་གྲྭར་ཡོད་དུས་ཧིན་སྒོར་སུམ་བརྒྱ་ལྷག་ཡོད་ནའང་སྐུ་ངོ་ནས་ཁྱེད་རང་གིས་ཞུས་པ་བཞིན་བྱས་ན་ཅུང་འགྲིགས་མིན་བརྟེན་སྒོར་ཉི་བརྒྱ་བྱས་ན་གསུངས་བྱུང་ཡང་ཕྲན་ནས་སློབ་ཕྲུག་ལ་གསོལ་ཕོགས་སྒོར་བདུན་ཅུ་དོན་ལྔ་སྩལ་བ་བཞིན་ཕྲན་ལ་ཡང་དེ་བཞིན་ལས་ཐོལ་པ་ཞུ་གི་མིན་པ་སྔར་ནས་སེམས་ཐག་བཅད་པ་ཡིན་སྐོར་ཞུས། དེ་དུས་ང་ཚོའི་བསམ་པར་སློབ་གྲྭ་འདི་མུ་མཐུད་ཁུངས་འཁྱོལ་ཐུབ་བམ་མི་ཐུབ་སྙམ་པའི་སེམས་ངལ་ནི་དགེ་སློབ་གཉིས་ཀ་ལ་འགོག་མ་ཐུབ་པར་འཆར་བཞིན་པའི་ཁར། ཕྲན་ལོ་མང་གཞུང་ཆེན་སློབ་གཉེར་བྱེད་རྒྱུ་མ་བྱུང་བས་བརྗེད་ནས་སློབ་ཁྲིད་བྱ་རྒྱུར་ཡང་སེམས་ཁྲལ་ཆེན་པོ་ཡོད། ༸སྐུ་མདུན་ནས་སློབ་གྲྭ་འདིའི་ཐད་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ་ཐོག་མར་༸སྐུ་མདུན་གྱི་ཕོ་བྲང་རྙིང་པ་ཉོ་རྒྱུའི་གཏན་འཁེལ་གྱིས་ཧིན་སྒོར་འབུམ་གཉིས་དང་ཁྲི་བརྒྱད་ཡས་མས་ཤིག་གནང་རྒྱུ་བྱས་ནས་མིང་རྟགས་འགོད་རྒྱུ་ལས་ལྷག་མི་འདུག་ཀྱང་དེ་རྗེས་གཞན་གྱིས་ཁ་བསྒྱུར་ནས་མ་བཙོངས་པ་རེད། དེ་འདྲའི་རྐྱེན་པས་ང་ཚོ་འདིར་མ་བསྡད་ཀ་མེད་ཆགས་པ་ཡིན།
དྲི་བ། སློབ་གྲྭ་འདི་བཙུགས་ནས་དམིགས་བསལ་གྱི་དཀའ་ངལ་གང་དང་གང་བྱུང་ཡོད་དམ།
ལན། སློབ་གྲྭ་འདི་བཙུགས་ནས་ལོ་གཅིག་རྗེས་ནས་སློབ་གཉེར་བར་ནད་རིགས་མི་འདྲ་བ་སྣ་ཚོགས་རྒྱུན་མི་ཆད་པས་མནར་ཏེ་སྐབས་རེ་སློབ་གཉེར་བ་བརྒྱད་དགུ་དུས་གཅིག་ཏུ་ན་ཟུག་མི་འདྲ་བ་སྣ་ཚོགས་ཀྱིས་མནར་ནས་ཅི་བྱ་གཏོལ་མེད་ཀྱིས་དཀའ་ངལ་དང་ཕལ་ཆེར་ལོ་གཉིས་ཙམ་རིང་འགའ་ཞིག་སོས་དུས་འགའ་ཞིག་གསར་དུ་ན་བ་སོགས་རྒྱུན་མ་ཆད་པར་བྱུང༌། དེའི་རྐྱེན་པས་སློབ་གཉེར་བ་གཅིག་ཉིན་བདུན་ཙམ་ན་སྟེ་འཆི་སྐྱོན་དང༌། གཅིག་གུང་སེང་སྐབས་གྲོངས་འདུག དེ་དང་དེ་འདྲ་བའི་རྐྱེན་ངན་རྣམས་དྲན་ཚེ་སེམས་ཤུགས་རི་འདྲ་བ་ཞིག་ལ་དཀའ་དུབ་སུན་ཚོར་མེད་པའི་གླེན་རྟགས་ཅན་ཞིག་མིན་ན་འགན་བློས་བཟོད་ཐབས་མེད་པ་ཞིག་ཡིན་པ་དེང་སང་ཡང་དྲན་ལམ་དུ་གསལ་བར་མངོན། འདིའི་སྐོར་ཤོད་རྒྱུ་མང་ཡང་ཞུ་མི་དགོས་པ་བྱེད།
འོན་ཀྱང་ཕྱི་ལོགས་ནས་གཟིགས་མཁན་རྣམ་པས་ང་ཚོར་གཟིགས་ཚུལ་གང་ལེགས་བྱུང་སྟེ་བསྔགས་བརྗོད་གནང་མཁན་ཇེ་མང་དུ་ཕྱིན་འདུག རྩོད་སྦྱོང་ཐོག་མར་བྱེད་དུས་གསོལ་ཚིགས་ཁང་དུ་སྒོ་དང་སྒེའུ་ཁུང་རྣམས་ཡོལ་བས་གཡོགས་ནས་རྩོད་གྲྭ་སྦྱངས་པ་དང་། དེ་ནས་ཟླ་བ་གཅིག་སོང་རྗེས་གཙུག་ལག་ཁང་གི་མདུན་དུ་དོན་ནས་རྩོད་གྲྭ་ཚུགས་པས་རྒྱ་གར་བ་དང་བོད་རིགས་མང་པོས་ལྟད་མོ་བལྟས་ཏེ་ཧང་སང་སང་དང་དགོད་ཤོར་ཤོར་བྱེད་ཀྱིན་འདུག རྩོད་པ་སློབ་མཁན་ཕྲན་གཅིག་པུ་ལས་མེད་སྟབས་སློབ་ཁྲིད་ལས་རྩོད་ལན་བསླབ་རྒྱུ་ཧ་ཅང་དཀའ་བ་བྱུང༌། དེ་ནས་ལོ་གཉིས་ཙམ་ནས་ཉིན་ཞིག་གློ་བུར་དུ་༸གོང་ས་མཆོག་གིས་ང་ཚོ་ཚང་མ་ཆེད་འགུགས་ཀྱིས་མཇལ་ཕྲད་ཁང་དུ་དམ་བཅའ་ཚོགས་བཅུག་ནས་མངོན་རྟོགས་རྒྱན་སྐྱོར་བཅུག་པ་དང༌། སློབ་ཕྲུག་ཕལ་ཆེ་བར་རྟགས་བསལ་རེ་གཏོང་བཅུག་རྗེས་དེ་རིང་ཁྱེད་རང་ཚོ་གང་འདྲ་བྱུང་འདུག ཚོད་ལྟ་བྱས་པ་ལས་རྒྱུགས་བླངས་པ་མིན་ཞེས་དགྱེས་ཚུལ་ཆེན་པོས་གསུང་གིས་དབུགས་དབྱུང་སྩལ་བྱུང༌། དེའི་ཕྱི་ཉིན་ཕྲན་སྐུ་བཅར་ཞུས་པས་གྲུབ་འབྲས་ཆེན་པོ་ཐོན་ལུགས་དང་སློབ་ཚན་རྣམས་སྔར་ནས་བཀའ་སློབ་ཡོད་པ་བཞིན་གཏིང་རིང་དུ་གཏོང་དགོས་སྐོར་བཀའ་བཟང་ཕེབས། དེ་ནས་ང་ཚོས་ལོ་གསུམ་ཉེ་བར་སློབ་ཕྲུག་གསར་འཛུགས་སྐོར་དགོངས་སྐོར་ཞུས་པས་སྐུ་མདུན་ནས་ད་བར་ཡག་པོ་བྱུང་བར་ཐུགས་མཉེས་ཚུལ་དང་བཅས་སློབ་ཁང་གསར་པ་ཆེ་ཙམ་ཞིག་བརྒྱབ་རྒྱུ་དང༌། འཛིན་གྲྭ་གསར་པ་ཞིག་ཀྱང་འཛུགས་དགོས་སྐོར་བཀའ་ཕེབས་བྱུང་བ་བཞིན་ཚོགས་ཁང་ཡོད་པའི་སློབ་ཁང་གསར་པ་བརྒྱབས་ཏེ། སྔར་ཡོད་ཐོག་ ༡༩༧༥ ལོར་འཛིན་གྲྭ་གསར་འཛུགས་བྱས་པའི་ནང་སློབ་གཉེར་བ་ ༡༣ ཡོད། ༡༩༧༦ ལོར་ཡང་འཛིན་གྲྭ་གསར་འཛུགས་བྱས་པའི་ནང་སློབ་གཉེར་བ་ ༡༧ ཡོད། ༡༩༧༧ ལོར་འཛིན་གྲྭ་གསར་འཛུགས་བྱས་པའི་ནང་སློབ་གཉེར་བ་ ༡༨ ཡོད། ༡༩༧༩ ལོར་འཛིན་གྲྭ་གསར་འཛུགས་བྱས་པའི་ནང་སློབ་གཉེར་བ་ ༡༨ ཡོད། ༡༩༨༣ ལོར་འཛིན་གྲྭ་གསར་འཛུགས་བྱས་པའི་ནང་སློབ་གཉེར་བ་ ༡༧ ཡོད། ༡༩༨༦ ལོར་འཛིན་གྲྭ་གསར་འཛུགས་བྱས་པའི་ནང་སློབ་གཉེར་བ་ ༢༤ ཡོད། ༡༩༨༨ ལོར་འཛིན་གྲྭ་གསར་འཛུགས་བྱས་པའི་ནང་སློབ་གཉེར་བ་ ༢༦ ཡོད། ༡༩༩༡ ལོར་འཛིན་གྲྭ་གསར་འཛུགས་བྱས་པའི་ནང་སློབ་གཉེར་བ་ ༣༣ ཡོད། དེའི་ཐོག་ཕྱི་རྒྱལ་བ་སྔ་ཕྱི་བསྡོམས་བཅུ་ཡོད། བོད་ནས་གསར་འབྱོར་བའི་ཁྲོད་ནས་རིག་གནས་འཛིན་གྲྭ་གསར་འཛུགས་བྱས་པའི་ནང་སློབ་གཉེར་བ་ ༡༥ ཡོད། ༡༩༩༤ ལོར་འཛིན་གྲྭ་གསར་འཛུགས་བྱས་པའི་ནང་སློབ་གཉེར་བ་ ༣༤ ཡོད། ༡༩༧༥ ལོ་ནས་ཞུ་བསྐུལ་ལྟར་མཚན་ཉིད་དགེ་རྒན་(རྒན་བྱང་ཆུབ་ཚུལ་ཁྲིམས་མཆོག)གཅིག་སྐུ་སྒེར་ནས་གསར་འཛུགས་གནང་བྱུང༌། དེའི་སྔོན་ཙམ་ནས་རིག་གནས་དགེ་རྒན་སྐུ་ངོ་བར་ཞི་མཆོག་དང་བླངས་ཀྱིས་བདུན་རེར་ཐེངས་གཉིས་རེ་སློབ་ཁྲིད་གནང་བར་ཕེབས་པས་ཕན་ཐོགས་ཚད་མེད་པ་བྱུང༌།
དྲི་བ། སློབ་འཇུག་གནང་སྟངས་གང་འདྲ་ཡིན་ནམ།
ལན། སློབ་འཇུག་ཐེངས་དང་པོ་གོང་འཁོད་ལྟར་དང་ཐེངས་གཉིས་པ་ནས་བཟུང་བཀའ་སྐོར་ཞུས་པ་བཞིན་གཞི་རྩའི་ཚད་གཞི་གཞི་རིམ་འཛིན་གྲྭ་བརྒྱད་པ་ཐོན་པའམ། དེའི་གནས་ཚད་ལོན་པ་གཞིར་བཅས། ཕྱི་རྒྱལ་བ་དང༌། ཧི་མ་ལ་ཡའི་རི་རྒྱུད་པ། དེ་བཞིན་མཚན་ཉིད་སློབ་སྦྱོང་མེད་པའི་ཆོས་རྒྱུད་ཁག་དང༌། བླ་སྤྲུལ་སོགས་ནས་ཡོང་ན་དམིགས་བསལ་ཕྲན་བུ་འབུལ་རྒྱུ་དང་གྲངས་བཅོ་ལྔ་ནས་ཉི་ཤུ་བར་དང༌། ལོ་ཚད་བཅོ་ལྔ་ནས་ཉེར་ལྔ་བར་ཚད་གཞིར་བྱས་པ་ཡིན། འོན་ཀྱང་སློབ་འཇུག་ཐེངས་འགའ་ཞིག་རིང་ཞུགས་མཁན་དཀོན་པ་དང་། ཤེས་སྤྱོད་དེ་ཙམ་ཚད་འཕེར་མ་བྱུང་བས་ཕྱི་ནས་མཐོང་ཚུལ་སྐྱོ་རུ་སོང་བ་དང་ཕྲན་གྱི་བསམ་པར་ཡང་མཚན་ཉིད་སྒོ་བརྒྱབས་ནས་རིག་གནས་འཛིན་གྲྭ་ཞིག་བཟོ་དགོས་པར་ཡུན་རིང་བསམ་བློར་འཁོར་བྱུང་ཡང་ཕྲན་འདི་ནས་དགོངས་པ་ཞུས་ན། ལེགས་གནས་ཆེའམ་སྙམ་ནས་དུས་ཡུན་གང་འཚམ་སོང་ཡང་ ༡༩༨༣ ལོ་ནས་འཛིན་གྲྭ་གསར་བཙུགས་རྣམས་ཇེ་བཟང་དུ་སོང་བར་བརྟེན་སྔར་གྱི་སེམས་ངལ་དེ་རང་ཡལ་དུ་གྱུར། དེ་ནས་རིམ་པར་དོན་གཉེར་ཅན་ཇེ་མང་དུ་སོང་སྟེ། འཚང་ཁ་ཆེ་བར་བརྟེན་གཞི་རྩའི་གནས་ཚད་འཛིན་རིམ་བཅུ་པ་ཡན་དང༌། གྲངས་བཅོ་ལྔ་ནས་ཉེར་ལྔ་བར་བཟོས་པ་དང༌། བོད་ནས་གསར་འབྱོར་རྣམས་ཆགས་གནས་ཀྱི་རྟེན་གཞི་གཏན་འཁེལ་མེད་སྟབས་༸གོང་ས་མཆོག་ནས་དམིགས་བསལ་ཐོག་ནས་འཇོག་ཐབས་དགོས་སྐོར་ཕེབས་པ་ལྟར་གང་ཐུབ་ཞུས་པ་ཡིན། དེ་ནས་རིམ་པར་འཕེལ་རྒྱས་སུ་ཕྱིན་ཏེ་སྒྲིག་འཛུགས་ཀྱི་དམ་བསྒྲགས་ཆེ་རུ་བཏང་བ་དང༌། གྲངས་ཚད་ཀྱང་སུམ་ཅུ་སོ་གསུམ་བར་བཟོས་པ་ཡིན་ནའང་ཕལ་ཆེར་འཛིན་གྲྭ་བཅུ་གཉིས་པ་བར་འགྲན་བསྡུར་བགྱིས་པའི་མཚམས་སུ་སླེབས་ཀྱི་འདུག བར་ལམ་ཞིག་ནས་༸གོང་ས་མཆོག་ནས་སློབ་སྦྱོང་གི་ཆུ་ཚད་ཡོད་པའི་སྐྱ་བོ་ཡང་འཇུག་ཐུབ་ན་ལེགས་སྐོར་ཕེབས་བྱུང་བ་བཞིན་འཛིན་གྲྭ་བཅུ་གཉིས་ཐོན་པའི་གྲས་སྐྱ་བོ་ལྔ་བར་འཇུག་རྒྱུ་བྱས་པ་ཡིན་ཡང༌། སྐྱ་སེར་མཉམ་བསྲེས་བྱས་ན་མཆོད་བསྙེན་གྱི་འཚོ་རྐྱེན་ཐོག་ཅུང་འགྲིགས་མིན་ལ་བརྟེན་སྒྲིག་ཁྲིམས་ཐོག་དཀའ་ངལ་ཆེ་ཙམ་འདུག ས་ཆ་གསར་པར་སྤོ་བཞུད་ཐུབ་ན་དཀའ་ངལ་སེལ་ཐུབ་རེ་ཡོད། ང་ཚོའི་སློབ་གཉེར་ཁང་འཛིན་སྐྱོང་བྱེད་སྟངས་འདིར་དམིགས་བསལ་གྱི་དཀའ་ངལ་འཕར་མ་མ་ཡོང་བའི་ཐབས་ཤེས་གུ་ཡངས་དང༌། གཞུང་བསྲང་མཁྲེགས་ཚུགས་ཐུབ་པ་ཞིག་མི་བྱེད་ཐབས་མེད་ཆགས་ཡོད།
དྲི་བ། སློབ་ཁང་གསར་རྒྱག་དེ་དག་སྐུ་སྒེར་ནས་ཡིན་ནམ་སློབ་གཞུང་ནས་ཡིན།
ལན། ཕྱི་ལོ་ ༡༩༧༥ ལོ་ནས་ཚོགས་ཁང་ཡོད་སའི་སློབ་ཁང་ཆེ་ཤོས་དེ་སྐུ་སྒེར་ནས་གསར་རྒྱག་དང༌། ༧༨ ལོ་ནས་ཤར་ངོས་ཀྱི་སློབ་ཁང་གསར་རྒྱག་མཛད་པ་དེ་གཉིས་སྐུ་སྒེར་ནས་འགྲོ་གྲོན་བཏང་གནང་མཛད། དེའི་རྗེས་ནས་མགྲོན་ཁང་ཆེ་ཆུང་དང༌། ལས་ཤག་བཅས་ཁག་ལྔ་ཙམ་བརྒྱབ་པ་ཡིན་ཡང་འགྲོ་གྲོན་ཐད་སྐུ་སྒེར་ནས་ཞུ་མི་དགོས་པར་རང་ཁུངས་ནས་བཏང་བ་ཡིན། ༡༩༧༧ ལོ་ནས་ ༡༩༨༣ ལོའི་བར་སློབ་བཞུགས་པ་ཉུང་ཤས་ཤེས་སྤྱོད་དམན་པའི་རྐྱེན་གྱིས་སྒྲིག་སྤྱོད་དང་སློབ་སྦྱོང་རྒུད་ཆག་གང་འཚམས་ཤོར་བས་སློབ་གྲྭ་འཕོ་འགྱུར་ཞིག་གཏོང་བ་ལས་འདི་མུར་འཇོག་ཐབས་དཀའ་བ་སོགས་ཀྱི་སེམས་ངལ་ཆེ་ཙམ་བྱུང་བ་གོང་སྨོས་ལྟར་ཡིན། ༡༩༨༣ ལོའི་འཛིན་གྲྭ་གསར་བཙུགས་ནང་ཤེས་བརྩོན་དང་གཤིས་སྤྱོད་ལེགས་པ་གྲངས་མང་བ་སོགས་ཀྱིས་ལེགས་གནས་ཆེ་བ་བྱུང་བས། དེ་ནས་སླར་ཡང་ཡར་རྒྱས་ཀྱི་འགོ་བཙུགས་ཏེ་ད་བར་འཁྱོལ་ཡོད་ལ། མ་འོངས་པར་ཡང་ཡར་རྒྱས་འགྲོ་བའི་རེ་བ་ཡོད། ཅི་སྟེ་ཡར་རྒྱས་མ་སོང་ན་དེ་འཕྲལ་བསྒྱུར་བཅོས་ངེས་པར་དགོས་ཏེ། སློབ་གཉེར་ཁང་ཡར་རྒྱས་ཡོད་མེད་ནི་དེའི་ཤེས་ཡོན་ཐོན་སྐྱེད་ཡར་རྒྱས་ཡོད་མེད་ལ་རག་ལས་ཤིང༌། མིང་ཆེན་དང་རྒྱས་སྤྲོས་ཆེ་ཆུང་ལ་རག་ལས་མེད་པས། སློབ་སྦྱོང་གི་ཐོན་སྐྱེད་ལ་དོ་སྣང་བྱ་བ་ལས་སྔར་སྲོལ་གྱི་ཞེན་ཆགས་དབང་དུ་གཏོང་རྩིས་མེད།
དྲི་བ། སློབ་གྲྭ་འདི་བཞིན་མཚན་དོན་གནས་རིམ་གྱི་ཆ་ནས་ཇི་ཙམ་འཕར་ཡོད་དམ།
ལན། རིགས་ལམ་སློབ་གྲྭ་ཞེས་པ་སྐུ་མདུན་ནས་མཚན་གནང་བ་ཡིན་ཡང་རིམ་པར་སློབ་སྦྱོང་གནས་ཚད་གཏིང་རིང་དུ་སོང་བ་དང༌། ཆུ་ཚད་ཇེ་མཐོར་འཕར་བ་ལས་མཐོ་རིམ་སློབ་གཉེར་ཁང་གི་གནས་ཚད་མངོན་གྱུར་ལ་བརྟེན་༸གོང་ས་མཆོག་ལ་དགོངས་སྐོར་ཞུས་ཏེ་རིགས་ལམ་སློབ་གཉེར་ཁང་ཞེས་མིང་བསྒྱུར་བྱས་པ་ཡིན། འོན་ཀྱང་དེང་ལུགས་ཀྱི་སློབ་གཉེར་ཁང་གི་ཆ་རྐྱེན་མ་ཚང་བར་བརྟེན་རྒྱ་གར་གཞུང་འཛིན་གྱི་ངོས་ལེན་འཕེར་བ་བཟོ་བ་ལ་འབྲེལ་ཡོད་སློབ་གཉེར་ཁང་ཆེན་པོ་ཞིག་གི་ཁོངས་གཏོགས་བཟོ་དགོས་པར་བརྟེན། ཝ་ར་ཎ་སིར༌ལེགས༌སྦྱར༌མཐོ་སློབ་ཁོངས་ལས་འགྲོ་ཡུལ་གཞན་མེད་སྟབས། དེའི་ཁོངས་བཟོ་ན་མཐོ་སློབ་དེ་ནས་དགའ་བསུ་དང་བཅས་རྒྱབ་སྐྱོར་ཡོད་མུས་ཀྱང་། རང་ལུགས་ཐུན་མིན་གྱི་སློབ་སྦྱོང་ལ་རྒུད་ཆག་འགྲོ་གཞིར་དངོས་མཐོང་ལ་བརྟེན་དེའི་ཁོངས་བཟོས་མེད། འོན་ཀྱང་རང་གཞུང་གིས་དགའ་བསུ་དང་བཅས་ངོས་ལེན་དགོས་ངེས་ཤིག་ཆགས་ཡོད་ཀྱང་རང་གི་རིག་གཞུང་ལ་ཐུགས་སྣང་ཞན་པས་ད་ལྟའང་ངོས་འཛིན་གསལ་པོ་གནང་མེད། ཡིན་ནའང་མིང་མི་གཙོ་དོན་གཙོ་ཟེར་བ་ལྟར། དོན་གནས་གཙོ་བོར་བཟུང་སྟེ་ཞུམ་པ་མེད་པར་ལས་དོན་བྱེད་ཀྱི་ཡོད། དེའི་མཐུ་ལས་འདི་ནས་སློབ་ཐོན་ལག་ཁྱེར་གང་ཐོབ་པ་སྒེར་ཁག་སོ་སོ་ནས་ངོས་ལེན་དང་ནུབ་ཕྱོགས་ཁག་ནས་ཀྱང་ངོས་ལེན་གནང་གི་འདུག་ལ། སློབ་ཐོན་པ་རྣམས་རང་རང་འདོད་བབ་དང་མཐུན་པའི་སྲིད་ཞུ་སྒྲུབ་ཐུབ་ཡོད།
དྲི་བ། འོ་ན་ད་བར་སློབ་ཐོན་པ་གཞུང་སྒེར་སོ་སོའི་རང་ལུགས་ཀྱི་ཤེས་ཡོན་ཐོག་སྲི་ཞུ་བ་གང་འདྲ་བྱུང་ཡོད་དམ།
ལན། ༡༩༧༣ ལོ་ནས་ ༡༩༩༤ བར་སློབ་འཇུག་ཟིན་པ་ ༢༢༤ བྱུང་ཟིན་ཅིང༌། ༡༩༨༠ ལོ་ནས་ཕར་ཕྱིན་རབ་འབྱམས་པ་རིམ་པར་ཐོན་ཞིང་། ༡༩༨༥ ནས་དབུ་མ་རབ་འབྱམས་པ་དང་དེ་ནས་རིམ་པར་དགེ་བཤེས་ཐོན་པ་སོགས་རོབ་རྩིས་བྱས་ན་སློབ་ཐོན་པ་༩༤ བྱུང་ཡོད། དེའི་ནང་ནས་ཕར་ཕྱིན་རབ་འབྱམས་པ་ཐོན་ཟིན་པ་༧༩ དང༌། དབུ་མ་རབ་འབྱམས་པ་༤༣ ཐོན་ཟིན་ཅིང་། དེའི་ནང་ནས་བྱ་བྲལ་དུ་ཕེབས་པ་གཅིག་དང༌། དགེ་བཤེས་བཏང་ཟིན་པ་༩ དང་གཏོང་ཉེར་ཡོད་པ་བཞི་ཡོད། དེའི་ཁོངས་ནས་གཏན་ཉིན་སློབ་གྲྭ་ཁག་ཏུ་སློབ་དགེའི་སྲི་ཞུ་བ་༢༨ གཞུང་ཞབས་སྲི་ཞུ་བ་༡༥ ཕྱི་རྒྱལ་དུ་ལོ་ཙཱ་དང མཐོ་རིམ་སློབ་གཉེར་བ་དང་ཆོས་དགེ་སོགས་བྱེད་བཞིན་པ་༡༣ ཪང་ཁོངས་སྲི་ཞུ་བ་༧ ཡིག་འགྲུལ་སློབ་སྦྱོང་ཐོག་ནས་ཨེམ་ཨེ་ (MA) ཐོན་པ་༨ དང་། བི་ཨེ་ (B.A) ཐོན་པ་༢༡ བྱུང་ཡོད་། བི་ཨི་ཌི་ (B.Ed) ཐོན་པ་གྲངས་༡༨ ཡོད། སློབ་བཞུགས་བྱས་ནས་ཁུངས་མ་འཁྱོལ་བ་བཅུ་སྐོར་བྱུང་འདུག སློབ་སྦྱོང་གང་འཚམས་བགྱིས་ཏེ་རང་ཁོངས་དགོན་པ་དང་ཚོགས་སྡེ་ཁག་ལ་སྲི་ཞུ་བའང་གང་འཚམས་བྱུང་ཡོད། ད་ལྟ་སློབ་སྦྱོང་བྱེད་བཞིན་པ་ ༩༣ ཡོད། དེ་བཞིན་ཕྱི་རྒྱལ་བ་ ༣༢ ཉིན་སློབ་པ་ཇི་སྙེད་ཅིག་ཡོད། དེ་མཚུངས་དགའ་ལྡན་ཆོས་གླིང་དང༌། འཇམ་དབྱངས་ཆོས་གླིང་སོགས་ཀྱི་བཙུན་མ་གཞོན་པ་ཚོར་རིག་གནས་དང་མཚན་ཉིད་སོགས་ཀྱི་སློབ་སྦྱོང་སོགས་གང་ཐུབ་སྤྲོད་ཀྱི་ཡོད།
དྲི་བ། བོད་ནས་གསར་འབྱོར་བ་ཁག་མང་འདི་ནས་སློབ་སྦྱོང་སྤྲད་ཡོད་སྐད་འདུག་པ་དེའི་སྐོར་ཞིག་གསུང་གནང་ཞུ།
ལན། ཕྱི་ལོ་ ༡༩༨༠ ལོ་ནས་བོད་ནས་བྲོས་བྱོལ་རིམ་པར་འབྱོར་ཞིང༌། དེའི་ཐོག་མ་རྣམས་ཕལ་ཆེ་བ་ྋགོང་ས་མཆོག་ནས་གནས་སྐབས་རིང་རིགས་སློབ་ཏུ་བཞག་ན་འཚམས་པོ་ཡོད་ལུགས་གསུངས་ཏེ། ངེད་ཚོར་བཞག་བྱུང་བ་བཞིན་ལེགས་སྐྱོང་བྱས་པས་ཁོང་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་ལ་དགའ་ཚོར་ཆེན་པོ་བྱུང༌། དེ་ནས་རིམ་པར་ཕར་ཚུར་གཏོང་གནང་མཛད། དེ་ནས་ཇེ་མང་དུ་ཕྱིན་ནས་ ༡༩༨༡ ལོ་འགོ་ནས་༸གོང་ས་མཆོག་གི་བཀའ་འབྲེལ་ལྟར་གསར་འབྱོར་བའི་ཆེད་དུ་ཉིན་སློབ་འཛིན་གྲྭ་ཟུར་འཛུགས་ཀྱིས་རྐང་བཞེས་བྱེད་མི་ ༧༩ དགེ་རྒན་གཅིག་འདི་གའི་སློབ་ཐོན་པའི་གྲས་ནས་བཙུགས་ཏེ། ཉིན་རེར་འཛིན་གྲྭ་ཚོགས་ཐེངས་བཞི་ལྔ་ལས་མི་ཉུང་བར་བོད་ཡིག་སྦྱོང་འདོད་ཅན་ལ་བོད་ཡིག་དང༌། དབྱིན་ཇི་སྦྱོང་འདོད་ཅན་ལ་དབྱིན་ཇི་སོགས་སོ་སོའི་ནུས་པ་དང་འཚམས་པར་སློབ་སྦྱོང་སྤྲད་དེ་ ༡༩༨༦ ལོའི་བར་དུ་སྐབས་བསྟུན་པའི་སློབ་སྦྱོང་བ་ ༥༠༠ སྐོར་དང་རྒྱུན་འཁྱོངས་སློབ་སྦྱོང་བྱས་པའི་སློབ་ཞུགས་གྲངས་ ༡༢༥ སྐོར་བྱུང་ཡོད། ཕལ་ཆེ་བ་བོད་ནས་གུང་སེང་ཡོང་མཁན་རེད་ལ་དེ་དག་ཕལ་ཆེ་བ་བོད་དུ་ཕྱིར་ལོག་བྱས་པ་རེད། དེའི་ཁོངས་ནས་བརྙས་འདོགས་སྣ་ཚོགས་ཀྱིས་རྒྱ་དམར་གཞུང་གིས་བཙོན་ཁང་དུ་བཅུག་པའང་དུ་མ་བྱུང་འདུག ༡༩༨༨ ལོ་ནས་གསར་འབྱོར་བའི་ཆེད་སྦི་རིར་སློབ་གྲྭ་གསར་འཛུགས་མཛད་པར་བརྟེན། འདི་གར་མཚམས་འཇོག་བྱེད་དགོས་སྐུ་སྒེར་ནས་བཀའ་ཕེབས་པ་ལྟར་མཇུག་སྡོམ་ཞུས་པ་ཡིན། འོན་ཀྱང་སྔར་བཞིན་མུ་མཐུད་འཛུགས་སྐྱོང་ཡོང་བའི་ནན་སྐུལ་ཞུ་མཁན་ཁག་མང་བྱུང་ཡང་དེ་ཙམ་དགོས་ངེས་མ་མཐོང་བས་དེ་མུར་བཞག་སྟེ་སྦི་རི་ལ་མ་ཚུད་པ་རྣམས་ལ་གང་ཐུབ་སློབ་སྦྱོང་སྤྲད་ཡོད། བར་ལམ་ཞིག་ནས་སྦི་རི་སློབ་གྲྭར་མ་ཚུད་པའི་ཁྲོད་ནས་རིག་གནས་གང་ལེགས་ཡོད་པ་མང་པོ་ཞིག་ནས་ཆེད་བསྐུལ་ལྟར་ ༡༩༩༡ ལོ་འགོ་ནས་སློབ་གཞུང་གིས་འགྲོ་གྲོན་བཏང་སྟེ་རིག་གནས་འཛིན་གྲྭ་གཅིག་གསར་འཛུགས་བྱས། དེའི་ནང་དུ་སློབ་གྲྭ་བ་སྒྲིག་བཞུགས་བཅོ་ལྔ་དང་དེའི་ཐོག་ཉིན་སློབ་པ་བཅུ་སྐོར་ཡོད། ༡༩༩༣ ལོར་ཤེས་ལྷན་ནས་འགྲོ་གྲོན་བཏང་བའི་དགེ་རྒན་འོས་སྦྱོང་སྐབས་དང་པོ་གསར་འཛུགས་སྐབས་དགོངས་ཞུ་བ་བཞི་མ་གཏོགས་ཚང་མ་འོས་སྦྱོང་དུ་ཚུད་སོང༌། དེའི་ཁོངས་ནས་ངེད་ཚོས་འགྲོ་གྲོན་བཏང་བའི་འོས་སྦྱོང་པ་གསུམ་ཡོད། དེ་དང་དེ་བཞིན་གཞིས་བྱེས་གཉིས་ནས་དོན་གཉེར་ཅན་ལ་སློབ་ཁྲིད་གང་ཐུབ་བྱེད་ཀྱི་ཡོད་ལ། སྐུ་སྒེར་ནས་ཀྱང་དམིགས་བསལ་ཅན་འཐོར་བུ་བ་ཡང་ཡང་ཆེད་བརྫངས་མཛད་པ་བཞིན་ཐུགས་བློ་ཚིམས་ངེས་ཀྱི་སློབ་སྦྱོང་སྤྲད་ཡོད་ཅིང༌། དེ་བཞིན་ཕྱི་རྒྱལ་བ་བོད་སྐད་དང་ནང་ཆོས་སྦྱོང་མཁན་རྣམས་ལའང་གང་ནུས་ཅི་ཐུབ་ཀྱིས་སློབ་སྦྱོང་སྤྲོད་མུས་ཡིན། དེ་བཞིན་གཏན་ཉིན་སློབ་གྲྭ་ཁག་ནས་རྡ་སར་གུང་གསེང་དུ་ཡོང་བའི་སློབ་ཕྲུག་རང་ལུགས་རིག་གནས་ལ་ཧུར་བརྩོན་ཆེ་ཅན་རྣམས་ལ་འདོད་མོས་ལྟར། སློབ་སྦྱོང་སྤྲད་ཡོད་པས་དགོས་ངེས་ཅན་ལ་ཕན་ཐོགས་རླབས་ཆེ་བྱུང་ལུགས་གཞན་ནས་མ་བསྐུལ་དྭང་བས་བསྟོད་བསྔགས་ཐོབ་ཀྱི་ཡོད། མཚན་ཉིད་སྦྱོང་མཁན་ཡང་ཕྱི་རྒྱལ་བ་ ༣༧ སྐོར་ལ་འདོད་ཚིམས་བྱུང་ཡོད། འོན་ཀྱང་ཁོང་ཚོ་བོད་ཡིག་གི་དཀའ་ངལ་ཡོད་བརྟེན་ལོ་རྒྱུགས་དང་ཐོན་རྒྱུགས་སོགས་ཀྱི་བྲི་རྒྱུགས་སྤྲད་མ་ཐུབ་ན་དམིགས་བསལ་དང་དེ་དག་ལ་ལག་ཁྱེར་ཡང་སློབ་གཉེར་བ་སྤྱི་མཚུངས་བཞིན་མ་ཐོབ་པར་སོ་སོས་གང་སྦྱངས་པ་དེའི་ཐོག་ནས་འབུལ་གྱི་ཡོད།
དྲི་བ། འོ་ན་སློབ་ཚན་ཁག་གང་འདྲ་ཡིན་ནམ།
ལན། ངེད་ཚོའི་རྩ་བའི་སློབ་ཚན་ནི་བོད་ཀྱི་གདན་ས་གསུམ་དང་བྱེ་བྲག་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆ་གཞིར་བཞག་པ་ཡིན། དཔེར་ན། ཚད་མ་ལ་མཚོན་ན། ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལེའུ་དང་པོ་གཉིས་དང་དེའི་འགྲེལ་པ་རྒྱལ་ཚབ་རྗེས་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་གཙོ་བོ་དང་དེའི་ཁ་སྐོང་དུ་མཁས་གྲུབ་རྗེའི་ཊཱིཀ་ཆེན། པཎ་ཆེན་བསོད་ནམས་གྲགས་པའི་དགོངས་པ་རབ་གསལ་ལེའུ་གཉིས་ཡིན། ཕར་ཕྱིན་སྐོར་རྗེ་བཙུན་བྱམས་མགོན་གྱི་མངོན་རྟོགས་རྒྱན་དང་། རྒྱལ་ཚབ་རྗེའི་རྣམ་བཤད་སྙིང་རྒྱན་དང་པཎ་ཆེན་བསོད་གྲགས་ཀྱི་ཕར་ཕྱིན་སྤྱི་དོན་གསུམ་གཙོ་བོ་དང༌། རྗེ་ཙོང་ཁ་པའི་ལེགས་བཤད་གསེར་འཕྲེང་དང་པཎ་ཆེན་བསོད་གྲགས་ཀྱི་མཐའ་དཔྱོད་སོགས་འབྲེལ་ཡོད་ཁག་གང་མང་ཡོད། དབུ་མའི་སྐོར་དཔལ་ལྡན་ཟླ་བའི་དབུ་མ་འཇུག་པ་དང༌། རྗེ་ཙོང་ཁ་པའི་དབུ་མ་དགོངས་པ་རབ་གསལ་གཉིས་གཙོ་བོ་དང་དེའི་ཁ་སྐོང་དུ་པཎ་ཆེན་བསོད་གྲགས་ཀྱི་དབུ་མའི་སྤྱི་མཐའ་གཉིས་སོགས་ལེ་ཚན་ཁག་མང་ཡོད། འདུལ་མཛོད་གཉིས་ཀྱི་སྐོར་གནས་སྐབས་རིང་གདན་ས་སྤྱི་མཚུངས་ཡིན། མ་འོངས་པར་དགོས་དོན་སྨིན་ན་དེའི་སློབ་ཚན་གསར་བཟོ་བྱ་འཆར་ཡོད། འདིར་པཎ་ཆེན་བསོད་གྲགས་ཀྱི་ཡིག་ཆ་གཞི་རྐང་བཟུང་དགོས་པ་ནི། སྤྱིར་ན་པཎ་ཆེན་གྱི་ཡིག་ཆ་རྣམས་ཁ་གསལ་ཞིང་དོན་རྒྱས་བསྡུས་རན་པས་སློབ་སྦྱོང་བྱེད་བདེ་བ་དང༌། ཕྲན་གྱི་ཉམས་མྱོང་དེའི་ཐོག་ཆེ་བས་ཁྲིད་རྒྱུན་དང་གང་ཉམས་མྱོང་ཆེ་ས་ནས་བྱས་ན་ཕན་རླབས་ཆེ་བར་སྙམ་ནས་དེ་ལྟར་ཞུས་པ་ཡིན། རྩ་བའི་སློབ་ཚན་གྱི་རྩ་བ་དེ་དག་ནང་དོན་རིག་པ་ཐམས་ཅད་ཀྱི་མ་ཕྱི་ཡིན་པས་ཆོས་བརྒྱུད་རིས་མེད་ཀྱི་སློབ་ཚན་གཙོ་བོར་ཆགས་ཡོད། གནའ་བོའི་དུས་སུ་སློབ་ཚན་དེ་དག་ཆོས་བརྒྱུད་རིས་མེད་ཀྱི་སློབ་ཚན་གནང་སྲོལ་ཡོད་པ་མ་ཟད། སློབ་གཉེར་ཡང་ཆོས་བརྒྱུད་རིས་མེད་དུ་གནང་སྲོལ་ཡོད་པ་ཀུན་གསལ་ལྟར་ཡིན་ན། བར་ལམ་ཉམས་ཆག་ཕྲན་བུ་ཕྱིན་འདུག་ཀྱང་མ་འོངས་པར་གནའ་བོ་ལྟར་གནང་ཐུབ་ན་ཕན་ཐོགས་དང་དགེ་མཚན་རླབས་ཆེ་ཡོང་ངེས་ལ་དེ་དོན་ཐུགས་སྣང་གནང་སྐྱོང༌། དེ་དང་མཐུན་པའི་འཛིན་སྐྱོང་ཐད་རིགས་སློབ་འདི་བཞིན་འགོ་ཚུགས་ནས་ད་བར་ཞོགས་ཚོགས་ཞལ་འདོན་གྱིས་མཚོན་པའི་ཆོས་སྤྱོད་ཁག་ཀྱང་ཆོས་བརྒྱུད་ཐུན་མོང་བའི་ཆོས་སྤྱོད་གཞིར་བཞག་དང་སྒྲིག་ཞུགས་ཀྱི་ཚེ་ཡང་རིས་མེད་ཀྱི་ལམ་སྒོ་ཕྱེས་ནས་རིས་མེད་དུ་འཛིན་སྐྱོང་བྱེད་ཀྱི་ཡོད་ལ། དེ་དོན་གྲུབ་འབྲས་དང་ཕན་ཐོགས་རླབས་ཆེན་བྱུང་ཡོད། ལ་ལས་སྨན་དུག་ཏུ་འཁྲུལ་ནས་དྭོགས་འདྲོགས་བྱེད་མཁན་ཡོད་ནའང་གཟུགས་མེད་གྲིབ་འཆར་ལྟ་བུར་སོང་བྱ་ཐབས་དབེན། རིག་གནས་སློབ་ཚན་ཐད་འགོ་བྱིས་པ་དག་ཡིག་དང་ལེགས་བཤད་ལྗོན་དབང་ནས་བཟུང་སི་ཏུའི་ཞལ་ལུང་། སི་ཏུའི་འགྲེལ་ཆེན། བརྡ་སྤྲོད་རིན་ཆེན་བང་མཛོད། སྙན་ངག་ལེའུ་གཉིས་པ་དང་ཕྱོགས་མཚུངས་ཆོས་འབྱུང་དང་རྒྱལ་རབས་བཅས་སློབ་གཉེར་བ་ཚོའི་ནུས་པ་དང་མཚམས་པར་ཅི་ཐུབ་སློབ་ཁྲིད་བྱེད་བཞིན་ཡོད་ལ། དབྱིན་ཡིག་ཀྱང་དེ་བཞིན་སློབ་ཁྲིད་བྱེད་ཀྱི་ཡོད། འོན་ཀྱང་སློབ་ཚན་གཙོ་བོ་གོང་གསལ་ལྟར་དང༌། ཨང་གཉིས་པ་བརྡ་སྤྲོད་ཀྱི་གཞུང་དང་། ཨང་གསུམ་པ་དབྱིན་ཡིག་ཡིན། སློབ་ཚན་གཙོ་བོ་ལ་ལོ་རྒྱུགས་མ་འཕྲོད་ན་སློབ་སྒྲིག་ནས་འབུད་རྒྱུ། ཕྱི་མ་གཉིས་འཛིན་གྲྭ་འཕར་མ་ཐུབ་པ་ཙམ་ལས་སློབ་སྒྲིག་ནས་འབུད་མི་དགོས་པ་བཅས་མདོར་ཙམ་ཡིན།
ཡང་དྲི་བ་འདི་ནང་ཆོས་སྤྱོད་ཀྱི་རིམ་པ་གང་དང་གང་ཡོད་དམ།
ལན། ཆོས་སྤྱོད་ཐད་དགུན་ཐོག་སྔ་དྲོ་ཆུ་ཚོད་ ༦ པ་ནས་དབྱར་ཐོག་ཆུ་ཚོད་ ༥།༣༠ ནས་ཞོགས་ཚོགས་ཚུགས་ཏེ་བརྐྱང་ཕྱག་དང་འབྲེལ་ལྟུང་བཤགས་ཚར་གསུམ་རེ་དང་སྤྱི་བཤགས། གཙོ་རྒྱལ་མ་བཅས་བཏོན་གྲུབ་པ་དང་གདན་འཁོད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་སོགས་ཆུ་ཚོད་གཅིག་དང་ཕྱེད་ཙམ་འཆར་ཅན་དང་། དེའི་ཐོག་ནས་སྦྱིན་བདག་ཁག་གིས་ཆེད་བསྐུལ་མཛད་པའི་ཞལ་འདོན་ཁག་བཅས་ཆུ་ཚོད་གཅིག་ནས་གཉིས་བར་སྨོན་འདོན་བྱས། དེ་ནས་ཞོག་ཇ་དང་། ཆུ་ཚོད་བརྒྱད་དང་ཕྱེད་ཀ་ནས་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་བར་འཛིན་གྲྭ་སོ་སོར་སློབ་ཁྲིད་དང༌། དེ་ནས་དགུང་ཚིགས། ཕྱི་དྲོ་ཆུ་ཚོད་དང་པོ་དང་ཕྱེད་ཀ་ནས་གསུམ་དང་ཕྱེད་ཀ་བར་རྩོད་གྲྭ་དང་རྒྱན་འཇུག་གཉིས་ཆ་བགོས་ཀྱིས་འདོན་རྒྱུ། དེ་ནས་གསོལ་ཇ་དང་ཆུ་ཚོད་བཞི་པ་ནས་ལྔ་དང་ཕྱེད་ཀ་བར་སློབ་ཁྲིད། དེ་ནས་དགོང་དྲོའི་གསོལ་ཚིགས་དང༌། ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་དགོང་དྲོའི་ཞབས་རིམ་དང་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་དགུ་དང་ཕྱེད་ཀ་བར་རྩོད་གྲྭ་བཅས་ཡིན་ལ། ཟླ་རེའི་ནང་ཉིན་བཅུ་སྐོར་དཔེ་མཚམས་ཡིན། རེས་གཟའ་ལྷག་པ་ནམ་ཡིན་དགོང་དྲོར་འཕྲིན་བཅོལ་རྒྱས་པ་རེ་ཡོད། ཟླ་རེ་མཚན་འབུད་དམ་བཅའ་དང་འཛིན་གྲྭ་སོ་སོས་དགོང་དྲོའི་ཆོས་གྲྭའི་ཚབ་ཏུ་བགྲོ་གླེང་ཚུགས་ཏེ་དོགས་གཅོད་དང་དེའི་ནང་ནས་དོགས་གནས་ཆེ་རིགས་དཔེ་ཁྲིད་དགེ་རྒན་སུ་འོས་སུ་དྭོགས་དྲི་ཞུ་དགོས། སྐབས་རེར་དོགས་གནས་རྣམས་ཡིག་ཐོག་བྲིས་ཏེ་རྒན་ལགས་གཉིས་སམ་ཡང་ན་སྐུ་བགྲེས་པ་གཙོ་བཞུགས་ཀྱིས་དྭོགས་གཅོད་དང་བཀའ་སློབ་བཅས་གནང་སྲོལ་ཡོད། སྒྲིག་སྤྱོད་ཐད་བཙན་བཀའ་དང་བརྡུང་རྡེག་སོགས་ཀྱིས་བཏུལ་བ་མ་ཡིན་པར་ཆོས་འདུལ་བའི་ལམ་ལུགས་དང་མཐུན་པར་སློབ་སྟོན་གཙོ་བོ་དང་གལ་ཆེའི་སྐབས་ཚང་མ་ལྷན་ཚོགས་ཀྱི་སློབ་སྟོན་ཚུགས་ཏེ་དགེ་སྐྱོན་གསལ་བཀྲོལ་གྱིས་འཐུལ་བར་བྱེད་སྲོལ་ཡོད་པ་འདི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་རླབས་ཆེ་ཤོས་ཆགས་འདུག
དེང་དུས་སྒྲིག་ཞུགས་སྐོར་འཕོ་འགྱུར་གཏོང་དགོས་དོན་ནི་སྔར་སྒྲིག་ཞུགས་སྐབས་འཚང་ཁ་མེད་སྟབས་དམིགས་བསལ་དང་རྒྱུགས་བཞེས་མ་དགོས་པར་འཇུག་བདེ་ཡོད་ཀྱང༌། དེང་སྐབས་འཚང་ཁ་དང་འགྲན་བསྡུར་ཆེ་བས་དམིགས་བསལ་བ་ཡང་ཉུང་དུ་བཏང་ནས་རྒྱུགས་སྤྲོད་ཨང་རིམ་མཐོ་ཚད་ནས་བསྒྲུགས་ཏེ་འཇོག་དགོས་པར་སོང༌། ཟླ་བ་གསུམ་ཙམ་སྔོན་ནས་རྒྱུགས་སྤྲོད་བྱ་རྒྱུའི་སློབ་ཚན་དང་དུས་ཡུན་སློབ་ཞུགས་ཀྱི་འོས་ཆོས་རྣམས་གསལ་བསྒྲགས་དང་བཅས་རྩ་བའི་གནས་ཚད་བོད་ལུགས་ཀྱི་འཛིན་གྲྭ་བཅུ་པ་ཚད་གཞིའི་མ་མཐར་བཟུང་སྟེ་རྒྱུགས་བཞེས་དང་དེའི་ཨང་སྡེ་མཐོ་ཤོས་ནས་གྲངས་ཚད་ཉི་ཤུ་ནས་ཉེར་ལྔ་བར་འདེམས་རྒྱུ་དང་དེའི་ཐོག་དམིགས་བསལ་བ་བསྣན་ཏེ་སུམ་ཅུ་སོ་ལྔ་ལས་མི་མང་བ་སྒྲིག་འཇོག་ཞུ་དགོས། འཛིན་གྲྭ་བཅུ་གཉིས་ཐོན་པའི་གྲས་ནས་གནས་ཚད་མཐོ་བ་སྐྱ་བོ་ལྔ་སྒྲིག་འཇོག་ཆོག དེ་མིན་རབ་བྱུང་ཤ་སྟག་ཡིན་དགོས། ཕྱི་རྒྱལ་སྐད་ཡིག་འཛིན་གྲྭ་བཅུ་གཉིས་པ་ཡན་ཐོན་པ་ཡིན་ན་དེ་གའི་ཐོག་ནས་རྒྱུགས་བཞེས་ལས་གོང་གསལ་རིག་གནས་ཀྱི་རྒྱུགས་སྤྲོད་མ་ཐུབ་ནའང་རེ་ཟུང་འཇུག་ཆོག སྤྲུལ་སྐུ་དང་སྐྱབས་བཅོལ་གསར་པའི་གྲས་ནས་ཀྱང་གནས་ཚད་ལོངས་ན་རྒྱུགས་སྤྲོད་མ་དགོས་པར་དམིགས་བསལ་འབུལ་འོས་འབུལ་ཆོག སོག་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་ནས་དང་ཆོས་བརྒྱུད་གཞན་ཁག་སོགས་ནས་ཀྱང་དམིགས་བསལ་འབུལ་འོས་འབུལ་རྒྱུ། ནུབ་ཕྱོགས་པ་སོགས་ཕྱི་རྒྱལ་བའི་སློབ་ཞུགས་བྱ་འདོད་ཅན་རྣམས་ནམ་ཕེབས་ཚེ་སྒྲིག་ཁོངས་ནང་ཞུགས་མ་དགོས་པར་ཉི་མོའི་སློབ་གྲྭ་བ་ལྟ་བུར་འཛུལ་ཞུགས་ཆོག་ཀྱང་བོད་པའི་སྐད་ཡིག་ཐོག་རང་རྐྱ་འཕེར་ངེས་དགོས། འཛིན་གྲྭ་སོ་སོའི་རྩོད་རྒྱུགས་སྤྱི་མཚུངས་དགོས་ཀྱི་འབྲི་རྒྱུགས་ཕུལ་མ་ཐུབ་ཀྱང་ཆོག དེ་དག་ཕྱིས་སློབ་གཉེར་ཐོན་ཚེ་ཕར་ཕྱིན་དང་དབུ་མ་རབ་འབྱམས་པའི་ལག་ཁྱེར་ཐོབ་མིན་ཡང་སོ་སོའི་སློབ་སྦྱོང་དང་མཐུན་པར་ལག་ཁྱེར་ཕུལ་གྱི་ཡོད། འབྲི་རྒྱུགས་དང་རྩོད་རྒྱུགས་སྤྱི་མཚུངས་ཐུབ་ན་ལག་ཁྱེར་ཡང་སྤྱི་མཚུངས་ཡོད། སྤྲུལ་སྐུ་རྣམས་ཕལ་ཆེར་རང་འཚོ་ཡིན་ཞིང་དེ་དག་ལ་མལ་ཁང་སློབ་གཞུང་ནས་འབུལ་གྱི་ཡོད་ཅིང་སློབ་སྒྲིག་གཅིག་གྱུར་ཡིན་ཡང་ཐོན་པའི་ཚེ་རང་འཚོ་བ་རྣམས་རང་དབང་དུ་འགྲོ་བསྐྱོད་ཆོག་ཅིང་གཞུང་འཚོ་བ་ཡིན་ན་གཞུང་འབྲེལ་གྱི་བཀོད་བྱུས་འོག་འགྲོ་བསྐྱོད་ལས་རང་དབང་གར་འགྲོ་མེད།
དྲི་བ་སློབ་གཉེན་ཁང་འདི་ལྟར་བཙུགས་པའི་སྤྱི་སྡོམ་གྱི་དམིགས་ཡུལ་གཙོ་བོ་གང་ཡིན་ནམ།
ལན། ང་ཚོའི་སློབ་གཉེར་ཁང་འདི་བཞིན་གསར་འཛུགས་དགོས་པའི་དམིགས་ཡུལ་ཡང་གནས་སྐབས་དང་ཕུགས་ཀྱི་དམིགས་ཡུལ་གཉིས་ཡོད། དང་པོ་ང་ཚོའི་དམིགས་ཡུལ་རྣམས་ཡིད་ངོར་བཀོད་པ་ཙམ་ལས་གསལ་བསྒྲགས་ཞུས་མེད་ཀྱང༌། ༡༩༧༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་གློ་བུར་དུ་གཟིགས་བསྐོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་དགེ་སློབ་ཡོངས་རྫོགས་འདུ་འཛོམས་ཐོག་བཀའ་སློབ་སྤྱི་ཕེབས་རྒྱས་པ་ཟུར་ཡོད་ནང་ཚན་དུ་སྔར་གླེང་མོལ་བྱུང་ཟིན་པ་བཞིན་རབ་བྱུང་ཚོའི་རེ་བ་བསྐང་ཆེད་དུ་ཡིན་ཞིང༌། འདི་ནས་སློབ་གཉེར་ཐོན་པ་དང་ཚེ་འདི་བློས་བཏང་གིས་བྱ་བྲལ་བ་ཞིག་བྱེད་ཐུབ་ན་དཀོན་མཆོག་གོང་ཕུད་དང་། དེ་མིན་སློབ་གྲྭ་ཁག་གི་དགེ་རྒན། ལོ་ཙཱ་བ་སོགས་ཆོས་རིག་གི་སྲི་ཞུ་སྒྲུབ་ཐུབ་མཁན་ཞིག་བཟོ་རྒྱུ་དེ་ཡིན་ཞེས་ཕེབས་པ་དེ་བཞིན་གྲུབ་འབྲས་གོང་གསལ་ལྟར་ཐོན་ཡོད། གཉིས་པ་ཡང་འཛིན་སྐྱོང་དེང་དུས་ཀྱི་ལམ་ལུགས་དང་མཐུན་པའི་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སྔར་མཁན་སློབ་ཆོས་གསུམ་གྱིས་སྲོལ་བཏོད་པ་ནས་ཉེ་བར་བཟུང་སྟེ་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་ཉན་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཚུལ་ཤིན་ཏུ་ཟབ་དཀྱེལ་ཆེ་ནའང་དེ་ནས་རིམ་པར་འཕེལ་འགྲིབ་སྣ་ཚོགས་སུ་སོང་ནའང་གཞི་རྐང་མ་བརླག་པར་རྒན་རབས་གོང་མ་རྣམས་ཀྱིས་རྒྱུན་སྐྱོང་མཛད་བཞིན་པ་འདི་ཉིད་འཛམ་གླིང་སྤྱི་དང་ཁྱད་པར་བོད་རིགས་ཡོངས་ཀྱི་ཞི་བདེའི་རྩ་ལག་དམ་པར་སྨིན་པ་བྱུང་བ་བཞིན་ད་དུང་ཡང་རྒྱ་གང་ཆེའི་ལམ་ནས་སྔར་ལས་ལྷག་པའི་སྒོ་ནས་ཆོས་རིག་གི་ཞབས་འདེགས་རླབས་ཆེན་ཟམ་མ་ཆད་པར་སྒྲུབ་ཐུབ་པའི་ཆེད་དུ་ཡིན་ཞིང་། དེའི་ཞོར་དུ་རང་ལུགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཁྱབ་བརྡལ་དུ་གཏོང་ཐུབ་པའི་རེ་བ་དེ་གཉིས་ཡིན། དེ་ལྟ་བུའི་དམིགས་ཡུལ་ཞེ་ཕུགས་སུ་ཡོད་པ་དེ་ཉིད་འགྲུབ་སླད་སློབ་གཉེར་གྱི་བཀོད་སྒྲིག་ཀྱང་དེ་དང་མཐུན་པར་རིམ་པར་བགྱིས་ཏེ། ཁོང་ཚོའི་སློབ་སྦྱོང་འཕེལ་རིམ་དང་བསྟུན་པའི་སློབ་ཚན་གོང་གསལ་ལྟར། འགོ་བསྡུས་གྲྭ་ནས་ལོ་བདུན་ཐོག་ཕར་ཕྱིན་རབ་འབྱམས་པའི་ཐོན་རྒྱུགས་དང་ལག་ཁྱེར། དེ་ནས་རང་མོས་ཡོད་ན་དབུ་མའི་སློབ་གཉེར་དུ་ཞུགས་ཏེ། ལོ་གསུམ་ཐོག་དབུ་མ་རབ་འབྱམས་པ་འཐོན་རྒྱུ། དེ་ནས་མུ་མཐུད་སྦྱོང་འདོད་ན་གཞུང་ཆེན་ལྷག་བསྡད་རྣམས་ལ་སྦྱང་བརྩོན་གྱིས་མཁས་བཙུན་བཟང་གསུམ་གྱི་སྒོ་ནས་དགེ་བཤེས་དང་དེ་ནས་གསང་སྔགས་རྡོ་རྗེ་ཐེག་པར་འཆད་ཉན་དུ་ཞུགས་རྒྱུ་གཙོ་བོ་དང་དེ་ལྟ་བུར་རིམ་བགྲོད་མ་ཐུབ་ཚེ་རང་རང་གི་སྐབས་བབ་ཀྱི་ལས་འགན་བཟུང་སྟེ། ཆོས་རིག་གི་སྲི་ཞུ་བསྒྲུབས་ཏེ་ཅི་ནུས་ཀྱིས་འཛམ་གླིང་ཞི་བདེའི་ཆ་རྐྱེན་སྤེལ་བསྐྲུན་ཐུབ་པའི་མདུན་ལམ་བཏིངས་ཡོད།
དྲི་བ། བོད་དགེའི་འོས་སྦྱོང་དང་མཐོ་རིམ་རིག་གནས་འཛིན་གྲྭ་ཟུར་འཛུགས་གནང་དོན་གང་ཡིན་ནམ།
ལན། རང་ཅག་མི་རིགས་སྤྱི་ཡི་རྩ་དོན་དང་ཁེ་ཕན་གྱི་སྲོག་རྩ་ནི། རང་གི་ཆོས་དང་ཤེས་རིག་ཉིད་ཡིན་པར་སྔར་ནས་གཅེས་སྐྱོང་བྱེད་བཞིན་དུ་ཀླ་ཀློའི་གདུག་རྩུབ་འོག་ཉམས་ཆག་ཟུངས་ཟད་དུ་སོང་བར་མ་ཟད། བྱེས་འབྱོར་གྱི་ཁྲོད་ནས་རྩ་འཛིན་གྱིས་གུན་གསབ་ཐུབ་རེ་བགྱིས་ཏེ། གང་ལེགས་ཡོད་མུར་རིམ་པས་སྔར་གྱི་སེམས་ཤུགས་དྲོད་ཡལ་ཞིང་། གསར་བརྗེའི་སེམས་ཤུགས་མ་རྙེད་པས་ལེ་ལོའི་དབང་དུ་ཤོར་ཏེ། ཤེས་རིག་འཕེལ་རྒྱས་ཀྱི་གཞི་རྩ་གཏན་ཉིན་སློབ་གྲྭ་ཁག་ཏུ་དགེ་སློབ་ཀྱི་གནས་ཚད་གང་འཚམས་ཞན་དུ་སོང་བར་མ་ཟད། དགེ་རྒན་མ་འདང་བས་མུ་གེའི་ཐོག་ཏུ་ཟླ་ལྷག་གི་དཔེ་བཞིན་མངོན་མཚན་ཇེ་གསལ་དུ་སོང་བ་དང་ལྷན་ཅིག་སྤྱི་སེམས་ཁུར་དུ་ལེན་མཁན་རྣམས་ལ་དེ་ཡིས་སེམས་ནད་ཀྱིས་བཟོད་གླགས་བྲལ་ཡང་། ཕན་ཚུན་དམོད་པ་འདོར་རེས་མ་གཏོགས་ལས་དོན་རྔོ་མ་ཐོགས་པའི་ཁར་གཉུག་མར་གནས་པ་དང་གློ་བུར་བའི་གཞོན་སྐྱེས་ཁྲོད་ནས་ཤེས་རིག་གི་ནམ་འཕང་གཅོད་རྒྱུའི་གཤོག་རྩལ་ཡར་འགྲན་བྱེད་པོ་ཇི་སྙེད་ཅིག་སོ་སོའི་དམིགས་ཡུལ་དང་འཚམས་པའི་མདུན་ལམ་མ་རྙེད་པས་གཡས་སྟོང་གཡོན་ལྷག་གིས་དཀའ་ངལ་གཅིག་ཐོག་གཉིས་བརྩེགས་འདི་ལྟ་བུ་འཕྲལ་དུ་སེལ་མ་ཐུབ་ན། མི་རིགས་ཀྱི་ཁེ་དབང་དང་རྩ་དོན་གྱི་སྲོག་རྩ་སོར་ཆུད་ཐུབ་རེ་བྲལ་བའི་གནད་འགག་ལ་སོང༌། སེམས་འཚབ་ཆེ་བས་འབྲེལ་ཡོད་ཁག་ལ་ཕྱར་གྲུ་མཉམ་འདེགས་ཡོང་བའི་གཞེན་སྐུལ་ཡུན་བསྲིངས་ཀྱི་མཐུ་ལས། རང་གཞུང་ཤེས་ལྷན་ནས་རྣམ་རྒྱལ་གྲྭ་ཚང་བརྒྱུད་སྐུ་སྒེར་ཡིག་ཚང་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དོ་ཁང་ཞིག་གཡར་པོ་ཞུས་པ་བཞིན་མལ་ཁང་འགྲིགས་ཙམ་བྱུང༌། འོས་སྦྱོང་ཉི་ཤུ་ཐམ་པའི་མཐུན་རྐྱེན་རྐང་ལེན་གྱིས་བོད་དགེའི་འོས་སྦྱོང་ལོ་མང་རིང་ཆད་པ་སླར་གསོའི་འགོ་འཛུགས་ཐེངས་དང་པོ་ ༡༩༩༢ ལོར་གསར་འཛུགས་ཐུབ་ཙམ་བྱུང་ནའང་དཀའ་ངལ་སྣེ་མང་ཆུའི་གཉེར་མ་ལྟ་བུར་གཅིག་རྒྱབ་གཉིས་གནོན་དེ་ལྟར་ཡང༌། མི་རིགས་ཀྱི་རྩ་དོན་དང་བདེ་རྩར་སེམས་ཏེ་དགེ་སློབ་གཉིས་ཐད་ནས་བློ་སྤོབས་མ་ཞུམ་པར་བརྟུན་པ་བསྐྱེད་པ་ལས་འོས་སྦྱོང་ཐོན་པ་ཉེར་གསུམ་དགེ་རྒན་དུ་བཏང་ཐུབ་པ་བྱུང་ཞིང་། ཡང་བསྐྱར་འོས་སྦྱོང་ཐེངས་གཉིས་པའང་དཀའ་ངལ་དེ་མུའི་ངང་ནས་ཚུགས་ཐུབ་པ་བྱུང༌། ད་དུང་དོན་གཉེར་ཅན་མང་འཚངས་ཀྱིས་དེ་མུར་འཇོག་ཐབས་མེད་པས་གཞི་རྒྱ་ཆེ་རུ་གདིང་དགོས་པ་འཕྲལ་ཡུན་ཀུན་ལ་མེད་མི་རུང་བར་བརྟེན། ངེད་ཚོའི་སློབ་ཁང་གསར་རྒྱག་བགྱིད་བཞིན་པ་དེའི་ནང་དུ་མཐོ་རིམ་རིག་གནས་འཛིན་གྲྭ་ཞིག་འཕར་འཛུགས་ཐུབ་ན་སྙམ་སྟེ། སེམས་ཁུར་ལེན་བཞིན་པའི་མུར་ྋགོང་ས་མཆོག་ནས་ཀྱང་གོང་གསལ་གྱི་གནས་ཚུལ་གསལ་གཟིགས་ཀྱིས་རིག་གནས་སློབ་སྦྱོང་གསར་འཛུགས་དགོས་སྐོར་སྤྱི་ཕེབས་བྱུང་བས། སེམས་ཤུགས་ལྷག་པར་བསྐྱེད་དེ་ཤེས་ལྷན་དང་བཀའ་སྡུར་གྱིས་སློབ་ཕྲུག་ཉི་ཤུ་ཐམ་པ་རིགས་སློབ་དང་མཉམ་འབྲེལ་ཐོག་གསར་འཛུགས་ཐུགས་གཏན་འཁེལ་དོན་ལྟར། འཚུད་རྒྱུགས་བཞེས་རྒྱུའི་གསལ་བསྒྲགས་བྱས་པ་བཞིན་སྙན་ཞུ་འབྱོར་བ་བརྒྱ་དང་ཞེ་གསུམ་ཟིན་རྐྱེན། དེ་ལས་མང་དུ་མ་བཏང་ཐབས་མེད་ལ་སོང༌། དེའི་ཁ་སྣོན་ཞིག་ཐུབ་སྙམ་སྟེ་ཐབས་ཤེས་བྱེད་མུས་སྐུ་སྒེར་ཡིག་ཚང་ནས་འབོད་སྐུལ་ལྟར། ཨ་རིར་བཞུགས་པའི་སེར་སྨད་མཁན་ཟུར་དགེ་བཤེས་བློ་བཟང་མཐར་ཕྱིན་རིན་པོ་ཆེ་ནས་སློབ་ཕྲུག་སུམ་ཅུ་ཐམ་པའི་ལོ་གཅིག་གི་འབབ་ཨ་སྒོར་དགུ་སྟོང་ཐམ་པ་གནང་འབྱོར་བྱུང་བས་དགའ་ཚོར་དཔག་མེད་ཀྱིས་སློབ་ཕྲུག་ཉི་ཤུ་ཡང་བསྐྱར་བསྣན་ཏེ་བཞི་བཅུ་ཐམ་པ་དང་དེའི་ཁ་སྣོན་རང་འཚོ་བ་བཅུ་གཅིག་བསྣན་ཏེ་ ༥༡ འཆར་བཀོད་བཞིན་འདི་ལོ་ཕྱི་ཟླ་ ༤ ཚེས་ ༥ ཉིན་གསར་འཛུགས་ཐུབ་བྱུང་། དུས་ཡུན་ལོ་གསུམ་རིང་ཡིན་ཞིང་། རྩ་བར་སྤྱི་སྒེར་སློབ་གྲྭ་ཁག་ཏུ་བོད་དགེ་དང༌། རང་གཞུང་ལས་བྱེད་གང་འོས་ཀྱི་མདུན་ལམ་གདིང་དགོས་པ་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཡིན་པར་བརྟེན་ཤེས་ཡོན་གྱི་བསྟི་གནས་སྤྱི་དང་བྱེ་བྲག་ཐུན་མོང་མ་ཡིན་པ་ནང་དོན་རིག་པ་དང་ཐུན་མོང་བའི་རིག་གནས་ཡ་མ་བྲལ་བར་སློབ་སྦྱོང་གི་བསྟི་གནས་གསར་འཛུགས་དང་ལེགས་བཅོས་གང་ཅིའི་ཐོག་ནས་ཤུགས་སྣོན་ཞིག་བརྒྱག་དགོས་པ་མངོན་གསལ་ཆེན་པོ་ཆགས་ཡོད། ང་ཚོའི་འདས་པའི་ལོ་རྒྱུས་ནང་དེ་གཉིས་ཡ་བྲལ་དུ་སོང་སྟེ་ནང་དོན་རིག་པ་ལ་མཁས་པ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱུང་ནའང་སྤྱི་ཚོགས་ཀྱི་ཤེས་ཡོན་འཛིན་སྐྱོང་དང་ཡར་རྒྱས་ལ་དེ་ཙམ་དགོས་མཁོ་མ་བྱུང་བ་དང་། ཐུན་མོང་བའི་རིག་གནས་ལ་མཁས་པ་ཇི་སྙེད་ཅིག་བྱུང་ནའང་སྤྱི་ཚོགས་ཀྱི་ཤེས་ཡོན་ཆ་ཚང་འཛིན་རྒྱུ་ལྟ་ཞོག ཤེས་རིག་འདི་ཙམ་ཞིག་གིས་མི་རིགས་ཤེས་ཡོན་གྱི་དགོས་མཁོ་ཆ་ཚང་མ་གྲུབ་པའི་ཁར་མི་རིགས་གཞན་གྱི་ཤེས་ཡོན་གྱི་དོ་ཟླ་ཡང་མི་ཐུབ་པས་དེའི་དོན་དུ་ནང་དོན་རིག་པ་དང་ཐུན་མོང་བའི་རིག་གནས་ཟུང་འབྲེལ་དུ་སྤེལ་དགོས་པ་དེ་ལྟར་ལགས་སོ།། །།(འདི་བར་ཞིང་གཤེགས་རིགས་སློབ་དབུ་དགེ་དམ་པ་མཁས་དབང་བློ་བཟང་རྒྱ་མཚོའི་གསུང་ཡིན།)
རིགས་སློབ་དབུ་ཚུགས་པ་ནས་ད་བར་ལོ་ངོ་ལྔ་བཅུ་སོང་བའི་རིང་། ཕར་ཕྱིན་རབ་འབྱམས་པ་ཐོན་པ་གྲངས་༣༤༥། དབུ་མ་རབ་འབྱམས་པ་ཐོན་པ་གྲངས་༢༣༨། རིས་མེད་སློབ་དཔོན་ཐོན་པ་གྲངས་༩༡། རིས་མེད་དགེ་བཤེས་ཐོན་པ་གྲངས་༥༧ བཅས་བྱུང་ཡོད།
དེ་དག་གི་ནང་ནས་བྱ་བྲལ་དུ་ཕེབས་པ་༦། རིགས་ལམ་སློབ་གཉེར་ཁང་ནས་སློབ་ཐར་ཕྱིན་རྗེས་ལྷོ་ཕྱོགས་གདན་ས་ཁག་ཏུ་ཕེབས་ཏེ་དགེ་བཤེས་ལྷ་རམས་པ་ཐོན་པ་༡༥ དང་། དགེ་བཤེས་ཚོགས་རམ་པ་ཐོན་པ་དང་གླིང་བསྲེ་བ་ཐོན་པ་གྲངས་༥༧། ༸གོང་ས་མཆོག་གི་སྐུའི་གསུང་སྒྱུར་དང་ཡིག་སྒྱུར་བ་གྲངས་༣༠ ཙམ། རིགས་ལམ་སློབ་གཉེར་ཁང་ནས་སློབ་གཉེར་ཐོན་རྗེས་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་ནས་ ph.D པི་ཨེཆེཌི་ལག་ཁྱེར་ཐོབ་ཟིན་པ་གྲངས་༡༡། རིགས་སློབ་རང་ཁོངས་ནས་ཡིག་འགྲུལ་ལམ་ནས་ཨེམ་ཨེ་M.A.ཐོན་པ་༨། ཨཙརྱ་Acharya ཐོན་པ་༣། སྦི་ཨེ་B.A ཐོན་པ་ ༢༣། གཞིས་དགོན་དང་། ཆོས་ཚོགས། གཏན་ཉིན་སློབ་གྲྭ་ཁག་ཏུ་མཁན་པོ་དང་འགན་འཛིན་སློབ་སྤྱི་བཅས་གྲངས་༡༧ དང་དགེ་རྒན་༨༥། གཞུང་ཞབས་སྲི་ཞུ་བ་༡༥། ད་སྐབས་རིགས་ལམ་སློབ་གཉེར་ཁང་དུ་གསང་སྔགས་འཛིན་གྲྭ་གཅིག རིས་མེད་སློབ་དཔོན་འཛིན་གྲྭ་གཅིག དབུ་མ་འཛིན་གྲྭ་གཅིག ཕར་ཕྱིན་འཛིན་གྲྭ་གཉིས། བློ་རྟགས་འཛིན་གྲྭ་གཅིག བསྡུས་གྲྭ་འཛིན་གྲྭ་གཅིག་བཅས་ཡོད་པའི་ནང་སློབ་གཉེར་བ་གྲངས་ ༡༣༥ ཡོད་ཁོངས་ཕྱི་རྒྱལ་སློབ་གཉེར་བ་ ༣༢ དང་། ཉིན་སློབ་ཇི་སྙེད་ཅིག་བཅས་ཡོད། མདོར་ན་ད་བར་དུ་རིགས་ལམ་དང་འབྲེལ་བའི་སློབ་གཉེར་བ་ཐོན་ཟིན་པ་དང་བྱེད་བཞིན་པ་ལྔ་བརྒྱ་ལྷག་ཟིན་ཡོད།
[1] ( རྒན་དམ་པའི་གསུང་ཐོར་བུ། རིགས་ལམ་སློབ་གཉེར་ཁང་གི་སྔོན་བྱུང་ཐོན་སྐྱེད་དང་མ་འོངས་པའི་འཆར་སྒྲིག་ལས་ཁ་སྐོང་ཞུས།)



