དང་པོ། འགན་འཛིན་དང་སློབ་དཔོན་ཟུར་པ་རྣམ་པའི་ངོ་སྤྲོད།

IBD staff with His Holiness the 14th Dalai Lama at College for Higher Tibetan Studies, Sarah in 2016
༡༽ དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག

༄༅། །ཞིང་གཤེགས་དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་ནི། ཕྱི་ལོ་ ༡༩༢༨ ལོར་བོད་མདོ་ཁམས་ཀོང་རའི་ཡུལ་དུ་འཁྲུངས། དགུང་ལོ་ ༡༣ ཐོག་ཀོང་ར་དོན་གྲུབ་གླིང་དགོན་པར་ཆོས་ཞུགས་གནང༌། དགུང་ལོ་ ༡༨ ཐོག་དབུས་ཀྱི་གདན་ས་འབྲས་སྤུངས་སུ་ཕེབས་ཏེ་གཞུང་ཆེན་སློབ་གཉེར་གནད་སྨིན་དང་ཞར་དུ་ཁང་ཚན་དགེ་རྒན་སོགས་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་སློབ་གཉེར་མུ་མཐུད་གནང༌། ཕྱི་ལོ ༡༩༦༤ ལོར་དགེ་རྒན་འོས་སྦྱོང་གནང་། ཕྱི་ལོ་ ༡༩༦༥ ལོ་ནས་མ་སུ་རིར་བོད་དགེ་དང་ཆོས་དགེ་གཅིག་ལྕོགས་ཀྱི་ཐུགས་འགན་བཞེས། སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་བཞིན་ཕྱི་ལོ་ ༡༩༧༣ ནས་ ཕྱི་ལོ་ ༡༩༩༧ བར་རིགས་ལམ་སློབ་གཉེར་ཁང་གི་དབུ་དགེ་གཅིག་ལྕོགས་ཀྱི་ཐུགས་འགན་རྐང་བཞེས་གནང། ཕྱི་ལོ་ ༡༩༩༧ ཟླ་བ་ ༢ ཚེས་ ༤ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༧ ནས་ ༨ པའི་མཚམས་སུ་དོལ་རྒྱལ་ལ་བློ་སྙིང་བྲང་གསུམ་གཏད་པའི་མིའི་གཟུགས་ལ་སྲིན་པོའི་སེམས་ཁམས་ཅན་སྐོར་ཞིག་གིས་སྐུ་སྲོག་བཀྲོངས།
༢༽ དབུ་དགེ་དམ་པ་དགེ་བཤེས་དམ་ཆོས་རྒྱལ་མཚན་མཆོག

༄༅། །ཞིང་གཤེགས་དགེ་བཤེས་དམ་ཆོས་རྒྱལ་མཚན་མཆོག་ནི། ཕྱི་ལོ་ ༡༩༣༤ ལོར་མདོ་ཁམས་གོ་བོ་རོང་པའི་གོང་བ་རུ་འཁྲུངས། དགུང་ལོ་ལྔའི་ཐོག་གཞིས་དགོན་ཐུབ་བསྟན་ཉི་ཤར་གླིང་དུ་ཆོས་ཞུགས་མཛད་དེ་གསང་བདེ་འཇིགས་གསུམ་སོགས་ཐུགས་འཛིན་དང་ཆོ་ག་ཕྱག་ལེན་རིམ་པར་གནང་། ཕྱི་ལོ་ ༡༩༥༢ ལོར་ལྷ་ལྡན་དུ་ཞབས་སོར་བཀོད་དེ་གདན་ས་འབྲས་སྤུངས་སུ་གཞུང་ཆེན་སློབ་གཉེར་གནང་འགོ་ཚུགས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་སྔར་གྱི་སློབ་གཉེར་མཇུག་སྐྱོང་མཛད། ཕྱི་ལོ་ ༡༩༧༩ ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་མཛད་དེ་མཁས་པའི་སྙན་པ་འབར། ཕྱི་ལོ་ ༡༩༨༠ ལོར་རིགས་སློབ་ཏུ་གཞུང་ཆེན་དཔེ་ཁྲིད་དགེ་རྒན་དུ་ཕེབས། ཕྱི་ལོ་ ༡༩༩༧ ཟླ་བ་ ༤ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རིགས་སློབ་མ་ལག་གི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་གཞག་བཀའ་དྲིན་སྩལ་བ་བཞིན་དབུ་དགེ་གཅིག་ལྕོགས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༢༠༠༡༣ ལོར་རིགས་སློབ་འཛིན་སྐྱོང་ལྷན་ཚོགས་ནས་རིགས་སློབ་ཀྱི་མཁན་པོར་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༧ ལོར་ལྷོ་ཕྱོགས་འབྲས་སྤུངས་སུ་དགོངས་པ་རྫོགས།
༤༽ དགེ་བཤེས་བྱང་ཆུབ་ཚུལ་ཁྲིམས་མཆོག

༄༅། །ཞིང་གཤེགས་དགེ་བཤེས་བྱང་ཆུབ་ཚུལ་ཁྲིམས་མཆོག་ནི། བོད་ལྗོངས་ལྷོ་ཁར་སྐུ་འཁྲུངས། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་སྒོར་བཞུགས་ཏེ་ཐོས་བསམ་སློབ་གཉེར་གནང་། དེ་རྗེས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་གསན་བསམ་མུ་མཐུད་གནང་། ཝཱ་ར་ཎ་སིར་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་གནང་སྟེ་ཨཙརྱའི་ཕྱག་ཁྱེར་བཞེས། དེ་ནས་མུ་མཐུད་མོན་གྷོ་བློ་གླིང་གྲྭ་ཚང་དུ་ཕེབས་ཏེ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཞེས། ཕྱི་ལོ་ ༡༩༧༥ ལོར་རིགས་སློབ་ཏུ་གཞུང་ཆེན་དཔེ་ཁྲིད་དགེ་རྒན་དུ་ཕེབས། ཕྱི་ལོ་ ༡༩༧༩ ཟླ་བ་ ༢ ནང་རིགས་སློབ་ནས་དགོངས་ཁྲོལ་ཞུས་ཐོབ་བྱུང་བ་བཞིན་ལ་དྭགས་མཚན་ཉིད་སློབ་གྲྭར་དགེ་རྒན་དུ་ཕེབས། ཕྱི་ལོ་ ༡༩༩༧ ལོར་སླར་ཡང་རིགས་སློབ་ཏུ་གཞུང་ཆེན་དཔེ་ཁྲིད་དགེ་རྒན་དུ་ཕེབས། ཕྱི་ལོ་ ༢༠༠༡ རྒྱལ་བའི་ཕོ་བྲང་དུ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྙེན་ཆེན་དུ་བཞུགས་པའི་སྐབས་ཤིག་༸གོང་ས་མཆོག་དངོས་སུ་མཚམས་ཁང་དུ་ཕེབས་ཏེ་ཁོང་ཉིད་ལ་འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་མན་ངག་ཐུན་མོང་མིན་པ་དག་དགྱེས་བཞིན་སྩལ། དེ་རྗེས་དཔལ་རྒྱལ་དབང་ཀརྨ་པའི་ཐུགས་དགོངས་བཞིན་ཁོང་ལ་རྗེའི་གསུང་ལེགས་བཤད་སྙིང་པོ་དང་། སྔགས་རིམ་ཆེན་མོ་སོགས་ཀྱི་བཀའ་ཁྲིད་མཛད་བཞིན་པའི་སྐབས་ཕྱི་ལོ་ ༢༠༠༦ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམས་ཏེ་ཐུགས་དམ་དུ་ཉིན་བདུན་རིང་བཞུགས་པ་བཅས་སོ༎
༥༽ དགེ་བཤེས་རྒྱ་མཚོ་ལགས།

༄༅། །དགེ་བཤེས་རྒྱ་མཚོ་ལགས་ནི། ཕྱི་ལོ་ ༡༩༥༣ ལོར་འཁྲུངས། བོད་གཞུང་གཏན་སློབ་ཁང་ནས་གཞི་རིམ་འཛིན་གྲྭ་བཅུ་གཅིག་ཐོན། ཕྱི་ལོ་ ༡༩༧༣ ལོར་རིགས་སློབ་ཏུ་ཐོག་མའི་སློབ་གཉེར་བའི་ཁོངས་སུ་འཛུལ་ཞུགས་གནང་ཏེ་བློ་རྟགས་བསྡུས་གསུམ་དང་ཕར་ཕྱིན། དབུ་མ། རྣམ་འགྲེལ་བཅས་ལ་ཐོས་བསམ་གནང་སྟེ་ཕྱི་ལོ་ ༡༩༨༣ ལོར་དབུ་མ་རབ་འབྱམས་པའི་ཕྱག་ཁྱེར་བཞེས། དེ་རྗེས་ལོ་ངོ་གསུམ་ཙམ་རིང་། བྱམས་ཆོས་ལྡེ་ལྔ་དང་། མཛོད་འདུལ་སོགས་ལ་ཐོས་བསམ་སློབ་གཉེར་གནང༌། ཕྱི་ལོ་ ༡༩༨༧ ལོར་རིགས་ལམ་སློབ་གཉེར་ཁང་གི་རིགས་གནས་དང་གཞུང་ཆེན་སློབ་དཔོན་གཞོན་པ་གནང༌། ཕྱི་ལོ་ ༡༩༩༡ ལོར་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་ནས་དགེ་བཤེས་ཀྱི་ཕྱག་ཁྱེར་བཞེས། ཕྱི་ལོ་ ༢༠༡༣ ལོར་གཙུག་ལག་སློབ་དཔོན་དུ་བསྐོ་བཞག་གནང༌། ཕྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༣༡ ཉིན་ཏེ་ལོ་ངོ་ ༣༡ རིང་རིགས་ལམ་སློབ་གཉེར་ཁང་དུ་ཞབས་འདེགས་ཞུས། ཕྱི་ལོ་ ༢༠༡༨ ལོར་བགྲེས་ཡོལ་དུ་ཕེབས། ད་ལྟ་རིགས་སློབ་བགྲེས་ཡོལ་ཁང་དུ་བཞུགས་མུས་ལགས།
༦༽ དགེ་བཤེས་བློ་བཟང་ཟླ་བ་ལགས།

༄༅། །དགེ་བཤེས་བློ་བཟང་ཟླ་བ་ལགས་ནི། ཕྱི་ལོ་ ༡༩༧༡ ལོར་འཁྲུངས། ཕྱི་ལོ་ ༡༩༨༥ ལོར་རིགས་ལམ་སློབ་གཉེར་ཁང་དུ་ འཛུལ་ཞུགས་གནང་སྟེ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་མཐར་ཕྱི་ལོ་ ༡༩༩༥ ལོར་དབུ་མ་རབ་འབྱམས་པ་ ལེགས་པར་ཐོན། ཕྱི་ལོ་ ༡༩༩༧ ཟླ་བ་ ༣ ཚེས་ ༡ ཉིན་རིགས་སློབ་ཏུ་བརྡ་སྤྲོད་དང་གཞུང་ཆེན་དཔེ་ཁྲིད་དགེ་རྒན་གྱི་ཐུགས་འགན་བཞེས། ཞོར་དུ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་དགེ་བཤེས་དམ་འཇོག་ཀྱང་གནང༌། ཕྱི་ལོ་ ༢༠༠༢ ཟླ་བ་ ༥ ཚེས་ ༡༩ ཉིན་རིགས་ལམ་སློབ་གཉེར་ཁང་གི་ཤེས་ཡོན་འགན་འཛིན་དུ་བསྐོ་བཞག་གནང་། ཕྱི་ལོ་༢༠༡༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འབྲེལ་ལྟར་རིགས་སློབ་ནས་བགྲེས་ཡོལ་དུ་ཕེབས་ཏེ་བལ་ཡུལ་མི་མང་ནང་ཆོས་ངོ་སྤྲོད་ཚོགས་པའི་ཚོགས་གཙོའི་ཐུགས་འགན་བཞེས་མུས་ཡིན།
༧༽ དགེ་བཤེས་དཀོན་མཆོག་དབང་འདུས་ལགས།

༄༅། །དགེ་བཤེས་དཀོན་མཆོག་དབང་འདུས་ལགས་ནི། ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༣ ཚེས་ ༡ ཉིན་རིགས་ལམ་སློབ་གཉེར་ཁང་གི་སློབ་དཔོན་བགྲེས་པའི་མཚན་གནས་སུ་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༠ ལོར་རིགས་སློབ་ནས་དགོངས་ཁྲོལ་ཐོབ།
༨༽ རིས་མེད་དགེ་བཤེས་བསྟན་འཛིན་འགྱུར་མེད་ལགས།

༄༅། །སློབ་ཟུར་རིས་མེད་དགེ་བཤེས་བསྟན་འཛིན་འགྱུར་མེད་ལགས་ནི། ཕྱི་ལོ་ ༡༩༩༤ ལོར་རིགས་ལམ་སློབ་གཉེར་ཁང་དུ་འཛུལ་ཞུགས་གནང་སྟེ་འགོ་བསྡུས་གྲྭ་ནས་མཇུག་གསང་སྔགས་བར་གྱི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་དཔྱིས་ཕྱིན་པ་གནང་། ཕྱི་ལོ་ ༢༠༠༩ ལོར་རིས་མེད་དགེ་བཤེས་ཐོན་དང་པོའི་ཕྱག་ཁྱེར་བཞེས། ཕྱི་ལོ་ ༢༠༡༠ ཟླ་བ་ ༣ ཚེས་ ༡༢ ཉིན་རིགས་ལམ་སློབ་གཉེར་ཁང་གི་གཞུང་ཆེན་དཔེ་ཁྲིད་སློབ་དཔོན་དུ་བསྐོ་བཞག་གནང་། ཕྱི་ལོ་ ༢༠༡༧ ལོར་སྐུ་གཟུགས་བདེ་མིན་གྱིས་རིགས་སློབ་ནས་དགོངས་ཁྲོལ་ཐོབ།
གཉིས་པ། ལས་ཐོག་འགན་འཛིན་དང་སློབ་དཔོན་རྣམ་པའི་ངོ་སྤྲོད་མདོར་བསྡུས།

IBD Director and faculties with His Holiness The 14th Dalai Lama on 8th November 2022
༡༽ དགེ་བཤེས་བསམ་གཏན་རྒྱ་མཚོ་མཆོག

༄༅། །དགེ་བཤེས་བསམ་གཏན་རྒྱ་མཚོ་མཆོག་ནི། ཕྱི་ལོ་ ༡༩༨༢ ལོར་བཞུགས་སྒར་རིགས་ལམ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་མི་ལོ་བཅུ་གཅིག་ལྷག་གི་རིང་གཞུང་ཆེན་ལ་ཐོས་བསམ་སློབ་གཉེར་གནང་། ཕྱི་ལོ་༡༩༩༤ ལོར་དགེ་རྒན་འོས་སྦྱོང་སྐབས་གཉིས་པའི་དགེ་རྒན་གནང་། ཕྱི་ལོ་ ༡༩༩༥ ལོར་དབུ་དགེ་དམ་པ་མཆོག་ནས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིའི་ཐུགས་འགན་བཞེས་དགོས་པའི་བཀའ་གནང་བ་བཞིན་ལོ་གཅིག་དང་ཕྱེད་རིང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱིའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༩༦ ལོར་དབུ་དགེ་དམ་པའི་དགོངས་ཁྲོལ་བཞིན་ལྷོ་ཕྱོགས་སུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། ཕྱི་ལོ་ ༢༠༠༤ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། ཕྱི་ལོ་ ༢༠༠༥ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་ལོ་གཅིག་རིང་གསང་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བགྱིས་ཏེ་སྔགས་རམས་པའི་མཚན་གནས་བཞེས། ཕྱི་ལོ་ ༢༠༠༦ ནས་ལོ་འགའི་རིང་དད་ལྡན་འགའ་ཞིག་གི་རེ་བསྐུར་ལྟར་དབྱིན་ཡུལ་དང་ལྷོ་ཨ་ཧྥི་རི་ཀ་སོགས་ཡུལ་གྲུ་འགའ་ལ་ཕེབས་ཏེ་ནང་ཆོས་ངོ་སྤྲོད་གནང༌། ཕྱི་ལོ་ ༢༠༡༠ ལོར་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་དམངས་ཀྱིས་འོས་ཤོག་གི་ལམ་ནས་གྲྭ་ཚང་རིན་པོ་ཆེའི་འཛིན་སྐྱོང་ཁང་གི་ཕྱག་མཛོད་རྒན་པར་འདེམས་བསྐོ་གནང་བ་བཞིན་ལོ་ངོ་གསུམ་གྱི་རིང་ཐུགས་འགན་བཞེས། ཕྱི་ལོ་ ༢༠༡༦ ལོར་སླར་ཡང་མ་འོངས་འཛིན་སྐྱོང་ཁང་གི་འགན་འཛིན་དུ་འདེབས་བསྐོ་གནང་བ་ལྟར་ལོ་ངོ་གསུམ་རིང་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་ཐུགས་འགན་བཞེས། ཕྱི་ལོ་ ༢༠༡༨ ཟླ་བ་ ༩ ཚེས་ ༣༠ ཉིན་རིགས་སློབ་འགན་འཛིན་ལྷན་ཚོགས་ནས་རེ་བསྐུལ་ཞུས་པ་བཞིན་རིགས་སློབ་མ་ལག་གི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས་མུས་ཡིན།
༢༽ དགེ་བཤེས་བློ་ཡང་ལགས།

༄༅། །དགེ་བཤེས་བློ་ཡངས་ལགས་ནི། ཕྱི་ལོ་ ༡༩༦༧ ཟླ་བ་ ༡ ཚེས་ ༡༥ ཉིན་ཏྲེ་ཧོར་ལྕག་རི་སྒོ་ར་གྲོང་དུ་འཁྲུངས། རང་ལོ་བཅོ་བརྒྱད་སྐབས་གཞིས་དགོན་ལྕོག་རི་དགོན་དུ་ཆོས་ཞུགས་གནང་། དགུང་ལོ་བཅོ་བརྒྱད་ནས་ཉེར་གཉིས་བར་དཀར་མཛེས་དགོན་པའི་མཁན་ཟུར་རྒན་བློ་བཟང་འཇམ་དབྱངས་ཀྱི་དྲུང་ནས་མཚན་ཉིད་ཀྱི་གཞུང་ལ་ཐོག་མར་སློབ་གཉེར་གནང་། ཕྱི་ལོ་༡༩༨༨ རང་ལོ་ཉེར་གཉིས་སྐབས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་ཏེ། རྒྱ་གར་ལྷོ་ཕྱོགས་མོན་གྷོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས། ཕྱི་ལོ་ ༢༠༠༧ ལོར་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་ཏེ་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། ཕྱི་ལོ་ ༢༠༠༨ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གསང་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་སྟེ་དགེ་བཤེས་སྔགས་རམས་པའི་མཚན་གནས་ཐོབ། ཕྱི་ལོ་ ༢༠༡༠ ཟླ་བ་ ༥ ཚེས་ ༢༠ ཉིན་བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་དུ་གཞུང་ཆེན་དཔེ་ཁྲེད་དགེ་རྒན་དུ་ཕེབས། ད་ལྟའང་འདི་ག་རིགས་ལམ་སློབ་གཉེར་ཁང་དུ་སློབ་དཔོན་བགྲེས་པའི་མཚན་གནས་ཐོག་སློབ་ཁྲིད་གནང་མུས་ཡིན།
༣༽ དགེ་བཤེས་རྒྱལ་མཚན་དབང་འདུས་ལགས།

༄༅། །དགེ་བཤེས་རྒྱལ་མཚན་དབང་འདུས་ལགས་ནི། ཕྱི་ལོ་ ༡༩༨༨ ལོར་རྒྱ་གར་དུ་ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་སྒོར་ཞུགས། ཕྱི་ལོ་ ༡༩༩༡ ལོར་༸གོང་ས་༸རྒྱལ་དབང་ཡིད་བཞིན་ནོར་བུའི་ཞལ་སྔ་ནས་བསྙེན་རྫོགས་བསྒྲུབ་རྒྱུའི་སྐལ་བཟང་ཐོབ། དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ལོ་ངོ་བཅོ་ལྔ་རིང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་ལེགས་པར་གནང་སྟེ་དགེ་ལུགས་རྒྱུགས་སྤྲོད་དུ་ལོ་དྲུག་རིང་མཉམ་ཞུགས་གནང༌། ཕྱི་ལོ་ ༢༠༡༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་འཕར་མའི་སྐབས་དགེ་བཤེས་ལྷ་རམས་པའི་དམ་འཇོག་གི་སྐལ་བཟང་ཐོབ། ཕྱི་ལོ་ ༢༠༡༡ ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ལོ་གཅིག་རིང་ཆོས་ཐོག་འགྲིམས་ཏེ་དགེ་བཤེས་སྔགས་རམས་པའི་མཚན་གནས་བཞེས། དེ་རྗེས་ལོ་ཤས་རིང་གྲྭ་ཚང་གི་སློབ་གཉེར་ལྷན་ཚོགས་དང༌། སློབ་གྲྭ། ཚན་རིག་ལྟེ་གནས་ཁང་བཅས་སུ་རྒྱུན་ལས་དང་སློབ་སྤྱི་འགན་འཛིན་བཅས་ཀྱི་ཐུགས་འགན་བཞེས་ཤིང་ཞར་ལ་འབྲེལ་ཡོད་རྣམས་ལ་སློབ་ཁྲིད་གང་ཐུབ་ཀྱང་གནང༌། ཕྱི་ལོ་ ༢༠༡༤ ལོར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་རིམ་ལ་ཞུགས་ཏེ་ལོ་ངོ་བཞིའི་རྗེས་དབུ་མའི་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་པའི་ཕྱག་འཁྱེར་ཐོབ། ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རིགས་ལམ་སློབ་གཉེར་ཁང་དུ་གཞུང་ཆེན་དཔེ་ཁྲིད་སློབ་དཔོན་གྱི་ཐུགས་འགན་བཞེས་མུས་ཡིན།
༤༽ དགེ་བཤེས་བསོད་ནམས་ཆོས་རྒྱལ་ལགས།

༄༅། །དགེ་བཤེས་བསོད་ནམས་ཆོས་རྒྱལ་ལགས་ནི། ཕྱི་ལོ་ ༡༩༧༢ ལོར་གཙང་ཁ་ཞེས་པའི་གྲོང་ཚོར་འཁྲུངས། དགུང་ལོ་བརྒྱད་ཀྱི་སྐབས་ནས་བཟུང་ལོ་ངོ་གསུམ་ཙམ་རིང་གྲོང་ཚོའི་སློབ་ཆུང་དུ་བསྐྱོད། རང་ལོ་བཅོ་ལྔ་ཙམ་གྱི་བར་ཕ་སངས་རྒྱས་རྒྱ་མཚོའི་དྲུང་ནས་བོད་ཡིག་འབྲི་ཀློག་ལ་སློབ་སྦྱོང་གནང༌། ཕྱི་ལོ་ ༡༩༨༧ ལོར་དཀར་མཛེས་དགོན་དུ་ཆོས་ཞུགས་གནང་སྟེ་ལོ་ངོ་བཞི་ཙམ་རིང་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་གནང༌། ཕྱི་ལོ་ ༡༩༩༠ ལོ་མཇུག་ཏུ་རྒྱ་གར་དུ་ཕེབས་ཏེ་ཝ་ར་ཎ་སིར་སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ། དེ་རྗེས་རྒྱ་གར་ལྷོ་ཕྱོགས་མོན་གྷོར་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང༌། ཕྱི་ལོ་ ༢༠༠༧ ལོར་དགེ་ལྡན་རྒྱུགས་སྤྲོད་ཆེ་མོར་ཞུགས། ཕྱི་ལོ་ ༢༠༡༣ ཟླ་བ་ ༡ ནང་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་ཏེ་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། ཕྱི་ལོ་ ༢༠༡༣ ཟླ་བ་ ༢ ནང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གསང་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་སྟེ་དགེ་བཤེས་སྔགས་རམས་པའི་མཚན་གནས་བཞེས། ཕྱི་ལོ་ ༢༠༡༤ ནས་ལོ་གཅིག་རིང་གྲྭ་ཚང་གི་རྒྱུགས་སྤྲོད་དོ་དམ་པ་གནང༌། ཕྱི་ལོ་ ༢༠༡༧ ཟླ་བ་ ༣ ཚེས་ ༡ ཉིན་བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་དུ་ཕེབས་ཏེ་གཞུང་ཆེན་དཔེ་ཁྲིད་སློབ་དཔོན་གྱི་ཐུགས་འགན་བཞེས་མུས་ཡིན།
༥༽ དགེ་བཤེས་རིན་ཆེན་བསྟན་འཛིན་ལགས།

༄༅། །དགེ་བཤེས་རིན་ཆེན་བསྟན་འཛིན་ལགས་ནི། ཕྱི་ལོ་ ༡༩༧༡ ལོར་ཁམས་ཏྲེ་ཧོར་དར་རྒྱས་ལྷ་གཉིས་ངེས་གྲོང་ཚོར་འཁྲུངས། ཕྱི་ལོ་ ༡༩༩༡ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་ལྷོ་ཕྱོགས་མོན་གྷོ་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང༌། ཕྱི་ལོ་ ༢༠༠༨ ལོར་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས། ཕྱི་ལོ་ ༢༠༡༤ ལོར་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་སློབ་གཉེར་མཐར་ཕྱིན་ཏེ་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། ཕྱི་ལོ་ ༢༠༡༥ དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གསང་སྔགས་ཀྱི་གཞུང་ཆེན་ཁག་ལ་གསན་བསམ་སློབ་གཉེར་ལེགས་པར་གནང་སྟེ་དགེ་བཤེས་སྔགས་རམས་པའི་མཚན་གནས་ཐོབ། ཕྱི་ལོ་ ༢༠༡༦ ནས་ལོ་གཅིག་རིང་དཔལ་ལྡན་བློ་གླིང་གྲྭ་ཚང་གི་རྒྱུགས་སྤྲོད་དོ་དམ་པའི་ཕྱག་ལས་གནང༌། ཕྱི་ལོ་ ༢༠༡༧ ཟླ་བ་ ༥ ཚེས་ ༨ ཉིན་ཞུགས་སྒར་རིགས་ལམ་སློབ་གཉེར་ཁང་གི་གཞུང་ཆེན་དཔེ་ཁྲིད་སློབ་དཔོན་དུ་ཕེབས་པ་བཞིན་གཞུང་ཆེན་སློབ་ཁྲིད་གནང་མུས་ཡིན།
༦༽ རིས་མེད་དགེ་བཤེས་ཁམས་བཟང་ལགས།

༄༅། །རིས་མེད་དགེ་བཤེས་ཁམས་བཟང་ལགས་ནི། ཕྱི་ལོ་ ༡༩༨༦ ལོར་བོད་ཀྱི་དབུས་ཁུལ་མལ་གྲོ་གུང་དཀར་རྫོང་རྩེ་ཞོལ་ཤང་གད་ཧོར་གྲོང་ཚོར་འཁྲུངས། དགུང་ལོ་བདུན་ལ་སོན་སྐབས་གྲོང་ཚོའི་གཞུང་བཙུགས་སློབ་གྲྭར་སློབ་ཞུགས་ཀྱིས་ལོ་རིམ་གསུམ་པ་བར་སྦྱང་པ་གནང་། ཕྱི་ལོ་ ༡༩༩༧ ལོར་ལྷ་ལྡན་རྨེ་རུ་ཕུན་ཚོགས་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གཅེན་པོའི་མདུན་ནས་འགོ་སྐྱབས་འགྲོ་ནས་བརྩམས་ཏེ་གྲྭ་ཚང་གི་འདོན་ཆོས་སྤྱོད་ཁག་ལ་སྦྱང་པ་གནང་བ་དང་། དགེ་བའི་བཤེས་གཉེན་རྒན་རྒྱལ་མཚན་བློ་གྲོས་མཆོག་གི་དྲུང་ནས་གཞུང་ཆེན་དཔེ་ཁྲིད་ཞུས།
ཕྱི་ལོ་ ༢༠༠༦ ཟླ་བ་ ༥ ཚེས་ ༡༣ ཉིན་ལྷ་ས་ནས་ཐོན་ཏེ་བལ་བོད་ས་མཚམས་བརྒྱུད་རྒྱ་གར་ལ་བཙལ་བྱོལ་དུ་ཕེབས། ལོ་དེའི་ཕྱི་ཟླ་ ༦ པའི་ནང་སུ་ཇཱ་བོད་ཁྱིམ་དུ་སློབ་ཞུགས་ཀྱིས་ཟླ་ངོ་དགུའི་རིང་བོད་ཀྱི་སྐད་ཡིག་དང་དབྱིན་ཡིག་སོགས་ལ་སློབ་སྦྱོང་གནང་། དེ་རྗེས་ཕྱི་ལོ་ ༢༠༠༧ ལོར་རིགས་ལམ་སློབ་གཉེར་ཁང་དུ་སློབ་ཞུགས་གནང་སྟེ་བློ་རྟགས་བསྡུས་གསུམ་དང་། དབུ་ཕར་ཚད་གསུམ། ད་དུང་རིས་མེད་ཀྱི་བཤེས་གཉེན་དུ་མའི་དྲུང་ནས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་ལྟ་གྲུབ་ཁག་ལ་སློབ་གཉེར་གནང། གཞུང་ཆེན་སློབ་གཉེར་གྱི་ཞོར་དུ་བོད་ཀྱི་བརྡ་དག་སྙན་གསུམ་ལའང་སྦྱང་པ་གནང་བ་བཅས་ལོ་ངོ་བཅུ་དྲུག་རིང་བསླབ་པ་སློབ་གཉེར་བགྱིས་འབྲས་ཕྱི་ལོ་ ༢༠༢༡ ལོར་བསླབ་པ་མཐར་སོན་གྱིས་རིས་མེད་དགེ་བཤེས་ཆེན་མོའི་མཚན་གནས་བཞེས། ཕྱི་ལོ་ ༢༠༢༢ ནས་བཟུང་རིགས་ལམ་སློབ་གཉེར་ཁང་དུ་གཞུང་ཆེན་དཔེ་ཁྲིད་སློབ་དཔོན་གཞོན་པར་བསྐོ་བཞག་གནང་བ་བཞིན་ཐུགས་འགན་བཞེས་མུས་ཡིན།

