དགོས་དམིགས།

༸གོང་ས་མཆོག་གི་བཀའ་སློབ།

སྤྱི་ལོ་ ༡༩༧༦ ཟླ་ ༨ ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་མཚམས་གྲུབ་བསྟུན་གཞུང་འབངས་ནས་བརྟན་བཞུགས་འདེགས་འབུལ་ཟིན་པ་དང་། གཙུག་ལག་ཁང་དུ་གནས་གཟིགས་ཞོར་གུས་འབངས་རིགས་སློབ་ཏུའང་གློ་བུར་ཞབས་བཅགས་བཀའ་དྲིན་ཆེ་ཐོག་ཚོགས་ཁང་དུ་དགེ་སློབ་ཡོངས་ལ་བཀའ་སློབ་སྩལ་བ་ཞལ་བཤུས།

༄༅། །འདིར་ཡང་སློབ་གཉེར་བ་ཕལ་ཆེ་བ་རྣམས་སོ་སོའི་སློབ་གྲྭ་ཁག་ནས་སྤྱིར་བཏང་རིག་གནས་དང་།

དེང་དུས་ཀྱི་ཕྱི་རྒྱལ་རིག་གནས་སོགས་གང་ཅིར་ཤེས་ཡོན་གང་ལེགས་བྱུང་ནས་ད་དུང་དེ་རྣམས་མུ་མཐུད་གོང་མཐོར་གཏོང་རྒྱུའི་གོ་སྐབས་ཐོབ་བཞིན་དུ་དེ་རྣམས་བློས་བཏང་གིས་འདི་ཕྱི་གཉིས་ཕན་ཆོས་ཀྱི་སློབ་སྦྱོང་ཞིག་བྱ་བར་སྤྲོ་བ་དང་འདུན་པ་བཅོས་མ་མ་ཡིན་པ་རྙེད་ནས་སློབ་གྲྭ་འདི་ལྟ་བུ་ཞིག་ཏུ་འཛུལ་ཞུགས་ཐུབ་པ་ནི་ཧ་ཅང་ལེགས་པོ་རེད།

འདིར་ཞུགས་ནས་ཀྱང་ད་བར་དཔེ་ཆའི་སློབ་སྦྱོང་ལ་འབད་བརྩོན་ཆེར་བསྐྱེད་བྱས་པའི་གྲུབ་འབྲས་ཀྱང་ཡག་ཐག་ཆོད་བྱུང་ཡོད། དེ་ཡང་སྔ་ལོར་རྩོད་རྒྱུགས་སྐབས་སུ་ཉམས་ཞིབ་བྱུང་བ་སོགས་ལ་བརྟེན་དུས་ཡུན་དང་སྐབས་སྟོབས་ཀྱི་གནས་སྟངས་སོགས་ལ་གཞིགས་པའི་གྲུབ་འབྲས་ཧ་ཅང་ལེགས་པོ་ཐོན་འདུག་པས་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད།

ད་དུང་ཆོས་ཀྱི་སློབ་སྦྱོང་ཞེས་པ་འདི་སྤྱིར་བཏང་གི་རིག་གནས་ཁག་ལྟར་ལས་སླ་པོ་ཞིག་གཏན་ནས་མིན་པས། འཕྲལ་གྱི་དཀའ་ཚེགས་ཆུང་རིགས་ལ་མ་བཟོད་པར་ཞུམ་པ་དང་། བརྩོན་པ་འདོར་བ་སོགས་མ་བྱས་པར་རྒྱུན་དུ་གཉུག་བསྲིང་ཐུབ་པ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་དཔེ་ཆ་ཀློག་སྐབས་ཤེས་པ་ལྟ་བུ་ཡོད་པ་ལ། དཔེ་ཆ་དང་ཁ་བྲལ་ཚེ་བརྗེད་པ་ལྟ་བུ་ཡོང་བ་སོགས་མིན་པར་རྣམ་པ་ཀུན་ཏུ་ཀླད་པར་ཟུག་བསྡད་པ་ལྟ་བུ་བརྟན་པོ་ཞིག་ངེས་པར་དུ་བྱེད་དགོས།

སློབ་གཉེར་བྱ་ཚུལ་ཡང་ཡིག་རྩིས་སློབ་སྦྱོང་ལྟར་བརྗོད་དོན་རང་གིས་ཤེས་པ་དང་དེ་ཉིད་གཞན་ལ་ངོ་སྤྲོད་ཐུབ་པ་ཙམ་ཞིག་མིན་པར། གང་ཤེས་པ་རྣམས་ཐོས་བསམ་གྱི་སྐབས་ཉིད་ནས་རང་རྒྱུད་ལ་ཉམས་ལེན་དུ་སྦྱར་ཐུབ་པ་ཞིག་ངེས་པར་དུ་དགོས་ཏེ། དེ་ལྟར་མིན་ན་ཆོས་ཀྱི་སློབ་སྦྱོང་ཞེས་པ་རིག་གནས་གཞན་རྣམས་ལས་ཁྱད་པར་དུ་འཕགས་ཚུལ་གང་ཡང་མེད་པ་དང་། རང་ཉིད་ལ་སྒྲུབ་པ་ཉམས་ལེན་མེད་བཞིན་དུ་གཞན་ལ་ཇི་ལྟར་བཤད་ཀྱང་སྟོང་བཤད་འབའ་ཞིག་ཏུ་འགྱུར་བས་གཞན་ལ་ཕན་ནུས་ཤུགས་ཆེ་འབྱུང་མི་ཐུབ།

གཞུང་ཆེན་རྣམས་ལ་ཐོས་བསམ་བྱེད་པའི་དགོས་པ་གཙོ་བོ་ནི་རང་གི་སེམས་འདུལ་བ་ལ་ཕན་པ་དང་། ཉོན་མོངས་མགོ་གནོན་བྱེད་རྒྱུ། ཕྱི་ནང་གི་ཀུན་སྤྱོད་རྣམས་ཆོས་དང་མཐུན་པ་ཞིག་འབྱུང་བའི་སླད་འབའ་ཞིག་ཏུ་ཡིན་ཞིང་། དེ་ཡང་ཆོས་པའི་ཕྱི་ནང་གི་སྤྱོད་པ་ཆོས་འདུལ་བ་དང་། སྒྲུབ་པ་ཉམས་ལེན་སེམས་ལ་སྦྱར་ཚུལ་སོགས་ཕར་ཕྱིན་དང་། དབུ་མ་ཆེན་པོ་སོགས་ནས་གསུངས་པ་ལྟར་ཡིན།

སློབ་གྲྭ་འདི་བཙུགས་པའི་དགོས་དོན་དང་། དམིགས་ཡུལ་སྐོར་ནི་ཐོག་མར་སློབ་གྲྭ་དབུ་འབྱེད་སྐབས་དང། འགའ་ཞིག་ལ་སྐད་ཆ་བྱུང་ཡོད་ཀྱང་མང་ཚོགས་ལ་བྱུང་མེད་སྟབས་དེ་རིང་ཅུང་ཟད་བཤད་ན་བསམ་པ་བྱུང་།

དམིགས་ཡུལ་གྱི་གཙོ་བོ་གཉིས་ལས། དང་པོ། གཞུང་ཆེན་ཁག་ལ་ཐོས་བསམ་མཐར་ཕྱིན་པ་ཞིག་བྱས་ནས་མཐར་ཐོས་བསམ་ལས་བྱུང་བའི་དོན་ལ་སྒོམ་པ་རྩེ་གཅིག་གིས་ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱུང་ན་ནི། དཀོན་མཆོག་གོང་ཕུད་དང་། ལྷ་རབས་ཡིན་ཞིང། དེ་ལྟར་བྱེད་ནུས་མཁན་ཡང་འདི་ཁུངས་ནས་རེ་ཟུང་ངེས་པར་དུ་ཡོང་མདོག་ཁ་པོ་རེད།

དམིགས་ཡུལ་གཉིས་པ་ནི། སྤྱི་ཡོངས་ཀྱི་ཞབས་འདེགས་ཞུ་རྒྱུའི་དམིགས་ཡུལ་དེ་ཡིན་ཞིང་། དེ་ནི་རང་ཉིད་ཆོས་ཀྱི་སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱས་ནས་དེ་ཉིད་གཞན་ལ་སློབ་སྟོན་བྱ་བ་སོགས་གཞན་ཕན་བསམ་པ་དང། རབ་བྱུང་རྟགས་ཆ་ལུགས་དང་ལྡན་པའི་སྒོ་ནས་སྤྱི་ཚོགས་ཀྱི་ཞབས་འདེགས་ཞུ་རྒྱུ་དེ་ཡིན་ཞིང། སྤྱིར་ཆོས་དང་ཆོས་ཀྱི་སློབ་སྟོན་བྱེད་པ་ལ་རབ་བྱུང་ངེས་པར་དུ་སྒྲུབ་དགོས་པ་སོགས་མིན་ཡང་། ཕྲན་བུ་ནུས་ཤུགས་ཆེ་བ་དང་། རང་གཞན་གཉིས་ཀར་ཕན་རླབས་ཆེ་བ་ཞིག་འབྱུང་སླད་དུ་རབ་བྱུང་བསྒྲུབ་པ་རེད།

དེ་ཡང་སྤྱི་ཚོགས་འཛིན་སྐྱོང་མཁན་ཕལ་ཆེ་བ་ཆོས་ཀྱི་གནས་ཚད་ལོན་པ་ཤ་སྟག་བྱུང་ན་སྤྱི་ཚོགས་ནང་ལ་གཡོ་སྒྱུ་ཁྲམ་གསུམ་སོགས་ཀྱི་དཀའ་ངལ་རྣམས་མི་འབྱུང་ཞིང་། དེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཁེ་ཕན་ཞེས་པ་མིང་དོན་མཚུངས་པ་ཞིག་འབྱུང་གི་རེད། ད་བར་བོད་ཀྱི་གནས་སྟངས་ནི་ཕྱིའི་ས་རྒྱ་ཧ་ཅང་ཆེ་བ་ལ། ནང་མིའི་གྲངས་འབོར་དང་ཤེས་ཡོན་གྱི་ནུས་ཤུགས་ཆུང་བས། ས་གནས་འཛིན་སྐྱོང་སོགས་གང་ཅིར་ནུས་པ་སྨིན་པོ་ཞིག་གཏན་ནས་བྱུང་མེད་པར་བརྟེན། ཕྱིས་སུ་མ་འོངས་པར་བོད་གསར་པའི་འཛུགས་སྐྲུན་སྐབས་སུ་ཆོས་སྲིད་ཀྱི་ལམ་སྟོན་བྱ་ཕྱོགས་སོགས་ལས་སྣེ་གནད་ཆེ་བ་གཙོ་བོ་འགའ་ཞིག་རབ་བྱུང་ཕོ་མོ་རྣམས་ནས་འགན་ཁུར་ཞབས་ཞུ་ཐུབ་པ་བྱུང་ན་གྲུབ་འབྲས་དང་ཕན་རླབས་ཕྲན་བུ་མི་འདྲ་བ་ཞིག་མི་ཡོང་ངམ་སྙམ་སྟེ། འོན་ཀྱང་འདི་ནི་རེ་བའི་དམིགས་ཡུལ་ཙམ་ལས་མ་འོངས་པར་དངོས་སུ་ཇི་ལྟར་འབྱུང་མིན་སོགས་ནི་ད་ལྟ་ཚོད་ཐིག་གི་མ་རེད།

གལ་ཏེ་དེ་ལྟ་བུ་ཞིག་བྱུང་ན་ནི་བཟོ་ལས་ཀྱིས་མཚོན་པའི་ལས་དོན་ཁག་གཞན་མང་པོ་ཡོད་པ་དེ་ཚོ་ཁྱིམ་པ་ཕོ་མོ་རྣམས་ནས་བྱེད་རྒྱུའི་གོ་སྐབས་ཏེ། དོན་དུ་སྤྱི་ཚོགས་ཀྱི་ལས་འགུལ་ཞབས་འདེགས་རྣམས་ཞིབ་ཚགས་པོ་དང་། འཐུས་ཚང་བ་ཞིག་སྒྲུབ་ཐུབ་ན་སྨིན་པོ་ཞིག་འབྱུང་གི་རེད།

དེ་མཚུངས་ཕྱིའི་སྤྱོད་ལམ་ཡག་པོ་དགོས་པ་གལ་ཆེན་པོ་ཡིན། འགའ་ཞིག་ནང་ཏུ་ཆོས་ཀྱི་བྲོ་བ་ཙམ་ཡང་མེད་པ་ཞིག་ལ་ཕྱིར་ཆོས་པ་འདྲ་ཆགས་པོ་དང་། འགའ་ཞིག་ནང་གཙོ་ཆེ་ཁུལ་གྱིས་སྤྱོད་པ་གང་འཛོལ་བྱེད་པ་དེ་ནི་རང་གཞན་གཉིས་འཕུང་མ་ཟད་སངས་རྒྱས་ཀྱི་བསྟན་པ་ལའང་ཕན་ལས་གནོད་ཚབས་ཆེ་བ་ཡོད། རང་གིས་གང་ཤེས་པ་རྣམས་ལག་ལེན་དུ་བཀལ་ནས་ལྟ་སྤྱོད་ཡག་པོ་ཞིག་གི་སྒོ་ནས་གཞན་ལ་ཆོས་འཆད་པ་ཡིན་ན། གཞི་ནས་སངས་རྒྱས་ཀྱི་བསྟན་པ་བསོད་པ་ཞིག་ཆགས་པ་རེད་ལ། གཞན་ལ་ཕན་ཐོགས་ཆེ་བ་དང་། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་མིང་དོན་མཚུངས་པ་རེད།

ཁྱེད་ཚོ་ད་བར་སྤྱོད་ལམ་ཡག་པོ་བྱུང་ཡོད་རེད་ལ། ད་དུང་ཡིན་ནའང་ཡག་པོ་བྱེད་དགོས། གཞན་ཡང་འདིར་ཡོད་ཁྱེད་རང་ཚོ་ཕལ་ཆེར་སློབ་གྲྭའི་འཛིན་རིམ་དམའ་རིམ་ནས་རིམ་པར་བརྒྱུད་དེ་ཐོན་པ་ཤ་སྟག་ཡིན་པར་བརྟེན། སློབ་གྲྭའི་འཛིན་སྐྱོང་སོགས་གང་ཅིར་ཉམས་མྱོང་ཅི་ཆེ་བྱུང་ཡོད་པས། ཕྱིས་སུ་སློབ་དགེ་སོགས་བྱེད་དགོས་བྱུང་ཚེ་དེང་དུས་སློབ་གྲྭ་ཁག་གི་བོད་དགེ་རྣམས་ལས་ཀྱང་ཕྲན་བུ་རན་པ་ཞིག་འབྱུང་རེ་ཡོད་པ་དང་། ཕྱི་ལྟར་དུ་ཕྱི་རྒྱལ་སྐད་ཡིག་སོགས་ཀྱི་ལག་ཁྱེར་གྱི་སྒོ་ནས་དེང་དུས་འཛམ་གླིང་སྤྱི་ཡོངས་ཀྱི་ཤེས་རིག་གནས་ཚད་ཀྱི་ངོས་འཛིན་ཐུབ་པ་ཞིག་བྱས་ནས། ནང་ལྟར་དུ་ཆོས་ཀྱི་སློབ་སྦྱོང་སོགས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་ལ་འཛིན་སྐྱོང་གཅེས་སྤྲས་ཀྱི་སྒོ་ནས་ཁྱབ་སྤེལ་བྱེད་ནུས་པ་ཞིག་བྱུང་ནའང་ཤིན་ཏུ་ལེགས་པོ་རེད།

ཆོས་དངོས་སུ་སྒྲུབ་འདོད་པ་ཞིག་ཡིན་ན། རང་གི་བློ་སྟོབས་དང་འབད་བརྩོན་གྱིས་ལྕོགས་ན་དམིགས་བསལ་དཀལ་ངལ་ཆེ་བ་གང་ཡང་མེད་དེ། སངས་མ་རྒྱས་བར་གྱི་སྒྲུབ་པ་ཉམས་ལེན་བྱེད་ཕྱོགས་ཀྱི་ལམ་གྱི་རིམ་པ་སོགས་རང་གིས་གསར་སྒྲིག་མི་དགོས་པར་༸རྒྱལ་བ་རྡོ་རྗེ་འཆང་གིས་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་ཟིན་ནས་ཉམས་ལེན་བྱེད་ཆོག་ཏུ་ཡོད་པ་རེད།

དེ་ལྟར་ན་ཆོས་པའི་གྲས་སུ་ཞུགས་ནས་གོང་གི་དམིགས་ཡུལ་གཉིས་པོ་གང་རུང་ལའང་མ་ཞུགས་པར། ཆོས་ཀྱི་ཉམས་ལེན་དཔྱིས་ཕྱིན་པ་ཞིག་ཀྱང་སྒྲུབ་པར་མི་བྱེད། སྤྱི་ཚོགས་ཀྱི་ཞབས་འདེགས་ཀྱང་ཞུ་མི་ནུས་པ་ལ། ངག་ཏུ་སྐྱབས་འགྲོ་འདོན་རྒྱུ་ཡོད་པ་ཙམ་ཞིག་དང་། ལུས་ལ་ཆོས་གོས་གྱོན་ནུས་ཙམ་ཞིག་ཡིན་ན་བོད་དུ་ཟ་འདྲེ་ལུང་པ་གང་བ་ཞིག་ཡོང་རྒྱུར་གདོན་མི་ཟ་བས། ཆོས་ལ་ཡིད་ཆེས་དང་དེ་སྒྲུབ་པ་ལ་སྤྲོ་བ་མེད་བཞིན་དུ་ད་དུང་ཆོས་པའི་གྲས་སུ་སྡོད་དགོས་པའི་ཁྲལ་འགེལ་མཁན་སུ་ཡང་མེད་ཅིང་། རང་རྒྱུད་ཀྱི་དགེ་ཚུལ་སློང་གི་སྡོམ་པ་སོགས་ཀྱང་ཡར་འབུལ་རྒྱུར་དཀའ་ངལ་གང་ཡང་ཡོད་པ་མ་རེད། དེར་བརྟེན་རབ་བྱུང་ནས་ཕྱིར་ཐོན་རྒྱུ་དང་དགོངས་པ་ཞུ་རྒྱུ་དེ་ནི་ལས་སླ་ཤོས་དེ་རེད། དེས་ན་གོང་གི་དམིགས་ཡུལ་རྣམས་སེམས་ལ་བཞག་སྟེ་རྒྱུན་དུ་ཐོས་བསམ་སློབ་གཉེར་བགྱིས་ནས་མཐར་རང་གི་དམིགས་ཡུལ་ཐོག་ཏུ་བབས་ཐུབ་པ་ཞིག་ངེས་པར་དུ་དགོས། ད་བར་ཚང་མ་ཡག་ཐག་ཆོད་བྱུང་འདུག ད་དུང་འབད་བརྩོན་གཉུག་བསྲིང་དགོས། ཚང་མར་བཀྲ་ཤིས་བདེ་ལེགས།

ཞེས་དང་དགེ་སློབ་སོ་སོ་ནས་དྭོགས་གཅོད་དྲི་བའི་རིགས་ཡོད་མེད་ཀྱི་བཀའ་བརྩད་དང་བཅས་དགྱེས་གཟིགས་ཞིབ་ལྷོད་ངང་ཁང་མིག་སོ་སོར་གཟིགས་སྐོར་བཀའ་དྲིན་ཆེ་བར་མཛད། གུས་ཅག་དགེ་སློབ་ཚོའང་ཚོགས་ཁང་གསར་པར་ཞབས་བཅགས་བྱིན་ཆེན་ཕབ་པ་དང་གསུང་གི་བདུད་རྩི་སྙིང་ལ་བཅངས་པས་རང་འགན་གྱི་བྱ་བར་སྤྲོ་བ་ལྷག་པར་འཕེལ་པ་སོགས་སྐལ་བཟང་གི་དགའ་སྟོན་ཚད་མེད་པ་ཐོབ་པས། ཕྱིན་ཆད་ཀྱང་རིགས་ལམ་སློབ་གྲྭ་ནམ་འཚོའི་བར་གསུང་གི་བདུད་རྩི་འདིའི་ཐོག་ནས་ཉམས་ཞིབ་སྤང་བླང་མ་འཛོལ་བར་བྱེད་རྒྱུའི་དྲན་རྟེན་དུ།

༄༅། །དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོས་གསུངས་པའི་རིགས་ལམ་སློབ་གཉེར་ཁང་གི་དམིགས་ཡུལ།

ང་ཚོའི་སློབ་གཉེར་ཁང་འདི་བཞིན་གསར་འཛུགས་དགོས་པའི་དམིགས་ཡུལ་ཡང་གནས་སྐབས་དང་ཕུགས་ཀྱི་དམིགས་ཡུལ་གཉིས་ཡོད། དང་པོ་ང་ཚོའི་དམིགས་ཡུལ་རྣམས་ཡིད་ངོར་བཀོད་པ་ཙམ་ལས་གསལ་བསྒྲགས་ཞུས་མེད་ཀྱང༌། ༡༩༧༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་གློ་བུར་དུ་གཟིགས་བསྐོར་ཆིགས་བསྒྱུར་བཀའ་དྲིན་བསྐྱངས་ནས་དགེ་སློབ་ཡོངས་རྫོགས་འདུ་འཛོམས་ཐོག་བཀའ་སློབ་སྤྱི་ཕེབས་རྒྱས་པ་ཟུར་ཡོད་ནང་ཚན་དུ་སྔར་གླེང་མོལ་བྱུང་ཟིན་པ་བཞིན་རབ་བྱུང་ཚོའི་རེ་བ་བསྐང་ཆེད་དུ་ཡིན་ཞིང༌། འདི་ནས་སློབ་གཉེར་ཐོན་པ་དང་ཚེ་འདི་བློས་བཏང་གིས་བྱ་བྲལ་བ་ཞིག་བྱེད་ཐུབ་ན་དཀོན་མཆོག་གོང་ཕུད་དང་། དེ་མིན་སློབ་གྲྭ་ཁག་གི་དགེ་རྒན། ལོ་ཙཱ་བ་སོགས་ཆོས་རིག་གི་སྲི་ཞུ་སྒྲུབ་ཐུབ་མཁན་ཞིག་བཟོ་རྒྱུ་དེ་ཡིན་ཞེས་ཕེབས་པ་དེ་བཞིན་གྲུབ་འབྲས་གོང་གསལ་ལྟར་ཐོན་ཡོད། གཉིས་པ་ཡང་འཛིན་སྐྱོང་དེང་དུས་ཀྱི་ལམ་ལུགས་དང་མཐུན་པའི་ནང་དོན་རིག་པའི་གཞུང་ཆེན་ཁག་ལ་སྔར་མཁན་སློབ་ཆོས་གསུམ་གྱིས་སྲོལ་བཏོད་པ་ནས་ཉེ་བར་བཟུང་སྟེ་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་ཉན་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཚུལ་ཤིན་ཏུ་ཟབ་དཀྱེལ་ཆེ་ནའང་དེ་ནས་རིམ་པར་འཕེལ་འགྲིབ་སྣ་ཚོགས་སུ་སོང་ནའང་གཞི་རྐང་མ་བརླག་པར་རྒན་རབས་གོང་མ་རྣམས་ཀྱིས་རྒྱུན་སྐྱོང་མཛད་བཞིན་པ་འདི་ཉིད་འཛམ་གླིང་སྤྱི་དང་ཁྱད་པར་བོད་རིགས་ཡོངས་ཀྱི་ཞི་བདེའི་རྩ་ལག་དམ་པར་སྨིན་པ་བྱུང་བ་བཞིན་ད་དུང་ཡང་རྒྱ་གང་ཆེའི་ལམ་ནས་སྔར་ལས་ལྷག་པའི་སྒོ་ནས་ཆོས་རིག་གི་ཞབས་འདེགས་རླབས་ཆེན་ཟམ་མ་ཆད་པར་སྒྲུབ་ཐུབ་པའི་ཆེད་དུ་ཡིན་ཞིང་། དེའི་ཞོར་དུ་རང་ལུགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཁྱབ་བརྡལ་དུ་གཏོང་ཐུབ་པའི་རེ་བ་དེ་གཉིས་ཡིན། དེ་ལྟ་བུའི་དམིགས་ཡུལ་ཞེ་ཕུགས་སུ་ཡོད་པ་དེ་ཉིད་འགྲུབ་སླད་སློབ་གཉེར་གྱི་བཀོད་སྒྲིག་ཀྱང་དེ་དང་མཐུན་པར་རིམ་པར་བསྒྲིགས་ཡོད།

དམིགས་ཡུལ་ཆེན་པོ་ལྔ།

གཞན་ཡུལ་བསྟེན་དགོས་པས་གོང་ཞུས་ལྟར་མཐུན་རྐྱེན་དང་། ཤེས་ཡོན། མྱོང་གོམས་ཡོད་པའི་སྲི་ཞུ་སྒྲུབ་མཁན་སོགས་གང་ཅིའི་ཐོག་ནས་མ་ལྡེང་མ་འབྱོར་བའི་དཀའ་ཚེགས་དང་། མ་འོངས་པ་ཅིར་འགྱུར་ལ་ཇི་མི་སྙམ་པར་ཐུགས་སྟོབས་ཆེན་པོས་སློབ་གྲྭ་འདི་བཞིན་གསར་འཛུགས་བཀའ་དྲིན་བསྐྱངས་པ་འདི་ལ་དམིགས་ཡུལ་གྱི་རིམ་པ་ལྔ་ཡོད།

དང་པོ། སློབ་གྲྭ་འདིའི་སྒོ་རུ་ཞུགས་པ་ནས་བཟུང་རྒྱལ་བའི་བསྟན་པ་ལ་ཐོས་བསམ་སློབ་གཉེར་དཔྱིས་ཕྱིན་པ་བྱས་ཏེ་ཚེ་འདི་བློས་བཏང་གིས་སྒྲུབ་པའི་རྒྱལ་མཚན་འཛིན་ཐུབ་པ་དུ་མ་བཟོ་དགོས།

གཉིས་པ། གོང་གསལ་ལྟར་སློབ་སྦྱོང་དཔྱིས་ཕྱིན་པ་ལས། སློབ་དཔོན་དང་དགེ་བཤེས་ལ་སོགས་པའི་མཁས་དབང་གོང་མ་རྣམས་ཀྱི་རྗེས་འཇུག་འཛིན་ཏེ་བསྟན་པ་བཤད་སྒྲུབ་ཀྱིས་ཤུལ་འཛིན་ཐུབ་པའང་ཇི་སྙེད་ཅིག་དགོས་ཀྱི་ཡོད།

གསུམ་པ། དེ་ལྟར་དཔྱིས་ཕྱིན་པ་མ་བྱུང་ཡང་ཕྱི་ནང་གི་སྐད་ཡིག་དང་རིག་གནས་ཐོག་ནས་ནང་ཆོས་ཀྱི་འབྲེལ་ལམ་སྤེལ་བའི་ལོ་ཙཱ་བ་བཀའ་དྲིན་ཅན་གྱི་རྣམ་ཐར་སྐྱོང་ཐུབ་པའང་ཤིན་ཏུ་དགོས་གལ་ཆེན་པོ་ཆགས་ཡོད།

བཞི་པ། ང་ཚོའི་སློབ་གྲྭ་ཁག་ཏུ་ཁ་ཚ་དུས་གཏུགས་ཀྱི་བོད་ཀྱི་རིག་གནས་ནང་ཆོས་དང་བཅས་པ་བཤད་སྒྲུབ་ཐུབ་པའི་དགེ་རྒན་མང་པོ་དགོས་གལ་ཆེན་པོ་ཡོད།

ལྔ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་ཀྱི་སློབ་དཔོན་མང་པོ་བྱོན་དང་འབྱོན་འགྱུར་རྣམ་པའི་གསུང་སྒྱུར་མང་པོ་མེད་མི་རུང་ཞིང་། དེ་ཡང་ཕྱི་རྒྱལ་གྱི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་ཤེས་པ་ཙམ་གྱིས་མི་ཆོག་པར་ཆོས་ཚིག་ལ་སྦྱངས་པ་ཆེ་བ་ཞིག་དགོས། མ་འོངས་པར་དམིགས་ཡུལ་དེ་དག་འགྲུབ་པའི་ཆེད་དུ་ད་ལྟ་སློབ་གྲྭ་འདིའི་ལམ་སྒོ་ཕྱེ་བ་ཡིན།

དམིགས་ཡུལ་ལྔའི་གསེད་བཀྲོལ།

སློབ་གྲྭ་འདིའི་རྒྱུན་སྐྱོང་བྱེད་པ་ཙམ་གྱིས་གཞི་རིམ་སློབ་ཐོན་ཁག་རྣམས་ལམ་ཕྱོགས་གཅིག་ལ་འཚང་ཁ་རྒྱག་མི་དགོས་པར་ཆོས་སྲིད་ཀྱི་ལམ་སྒོ་གཉིས་ལ་འདོད་མཐུན་བསྐྱོད་ཆོག་པ་དེ་ད་ལྟ་དངོས་ཡོད་ཀྱི་གྲུབ་འབྲས་གཅིག་ཀྱང་ཡིན།

འདི་ནས་ཐོན་ཚེ་གོང་གསལ་དམིག་ཡུལ་ལྔ་པོ་གང་རུང་གཅིག་ལ་ཞུགས་མ་ཐུབ་ན་སློབ་སྦྱོང་གི་གྲུབ་འབྲས་མ་ཐོན་པས་སློབ་གྲྭ་འདིའི་གནས་ཚད་ནས་བུད་པ་ཡིན། དམིགས་ཡུལ་ལྔ་ལས་དང་པོ་དེ་ནི་འགྲུབ་ཤིན་ཏུ་དཀའ་སྟེ། དེ་ལྟར་བྱུང་བ་ལ་ལྟོ་གོས་གཏམ་གསུམ་ལ་ཆགས་པའི་ཆགས་ཞེན་དེ་དག་བཙན་ཐབས་སུ་འབུར་འཇོམས་ཐུབ་པའི་བློ་སྦྱོང་ཁྱད་པར་ཅན་ཞིག་དགོས་པ་ལ། དེང་སང་གི་ཆོས་བྱེད་དག་ལ་དེ་ལྟར་ཐུབ་རྒྱུ་ཤིན་ཏུ་དཀའ་བར་མངོན། དེ་ལྟ་བུ་མ་བྱུང་ན། འཇིག་རྟེན་ཆོས་བརྒྱད་ཀྱི་ནང་ནས་བདེ་བ་བྱུང་ན་དགའ་ལ། མ་བྱུང་ན་མི་དགའ་བ་དེ་ཉིད་ཀྱིས་སྒྲོག་པ་ལས་མ་འདས་པས། སྲིད་ཀྱི་བྱ་བ་ལས་བྲོས་ཏེ་དབེན་པར་ཇི་ཙམ་གནས་ཀྱང་གནས་བཟང་བ་ཙམ་དུ་ཟད་ཅིང་བྱ་བྲལ་བའི་དགོས་པ་མི་འགྲུབ། དམིགས་ཡུལ་གཉིས་པ་དེ་འགྲུབ་པ་ལ་སློབ་གྲྭ་འདི་ནས་བརྩམས་ཏེ་གཞུང་ཆེན་མོར་སློབ་སྦྱོང་ལོ་བཅོ་ལྔའི་སྐོར་ཧུར་བརྩོན་ཐུབ་ན་ངེས་པར་ཡོང་གི་རེད། འོན་ཀྱང་འདི་རང་ནས་སློབ་སྦྱོང་མཐར་སྐྱེལ་དགོས་པའི་ངེས་པ་མེད། དམིགས་ཡུལ་གསུམ་པ་དང་བཞི་པ་གཉིས་འགྲུབ་པ་ལ། སྔོན་གྱི་འཆར་འགོད་ལྟར་ལོ་བདུན་ནམ་བཅུའི་བར་ཧུར་བརྩོན་བྱེད་ན་སྒྲུབ་ཐུབ། དེ་གཉིས་ནང་གསེས་མི་འདྲ་བ་ནི་ལོ་ཙཱ་བའི་རྣམ་ཐར་འཛིན་པ་ལ་དབྱིན་ཧིན་གང་རུང་ཚད་ལོང་དགོས། བོད་དགེའི་ལུགས་བཟང་འཛིན་པ་ལ་ནང་ཆོས་དང་རང་གི་རིག་གཞུང་ལ་སྦྱངས་པ་ཤུགས་ཆེ་བ་དགོས། དམིགས་ཡུལ་ལྔ་པའང་དེ་དང་ཕྱོགས་མཚུངས་ཡིན།

དམིགས་ཡུལ་དེ་དག་གི་ཐོག་ཚུལ་བཞིན་སྐྱོད་མཁན་ཇི་ཙམ་མང་བ་དེ་ཙམ་གྱིས་བོད་ཀྱི་ཤེས་རིག་གོམས་སྲོལ་ལ་ཕན་རླབས་ཆེ་བར་མ་ཟད། སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་འཛིན་པ་ལའང་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེ་ལྟར་བྱུང་ན་འགྲོ་བ་སྤྱིའི་བདེ་སྐྱིད་དང་བོད་ཀྱི་ཤེས་རིག་ནང་ཆོས་དང་བཅས་པ་ཡར་རྒྱས་ཤུགས་ཀྱིས་འཐོབ་གྱི་རེད། དཔེར་ན། ཤིང་ལྗོན་པ་སྡོང་པོ་མ་ཉམས་པ་ཡོད་ན་ཡལ་ག་དང་ལོ་འདབ་ཤུགས་ཀྱིས་རྒྱས་པ་བཞིན་ནོ།།

སློབ་གྲྭ་འདིའི་དམིགས་ཡུལ་འདི་དག་བུ་ཟླ་གྲགས་ཀྱི་གཏམ་རྒྱུད་ལྟ་བུ་མ་ཡིན་པར་སློབ་གྲྭའི་འཆར་གཞི་དང་འཛིན་སྐྱོང་འདི་གའི་ལམ་ནས་སྒྲུབ་ཐུབ་པའི་རྒྱུ་མཚན་མང་པོ་ཡོད་ལ་ལག་ལེན་ཡང་དེའི་ཐོག་ནས་བསྟར་གྱི་ཡོད། དམིགས་ཡུལ་འདི་དག་ཐོག་མར་དགེ་སློབ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་གསར་མཇལ་སྐབས་བཀའ་སློབ་གནང་བ་གཞི་བཟུང་ལྟར་རེད།