རིགས་སློབ་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས།
དང་པོ། གསར་འཛུགས་ལོ་དུས། ཕྱི་ལོ་ ༢༠༠༣ ཕྱི་ཟླ་ ༢ ཚེས་ ༡༧ ལ་གསར་འཛུགས་གནང་།
གཉིས་པ། འགན་དབང་ཁྱབ་ཚད།
རིགས་སློབ་སྤྱི་ཁྱབ་དང་མ་ལག་སོ་སོའི་སྒྲིག་གཞི་དང་འཛིན་སྐྱོང་། ཤེས་ཡོན། དཔལ་འབྱོར་སོགས་ཀྱི་ལས་དོན་དང་འབྲེལ་ཏེ་གོ་བསྡུར་དང་ཐག་གཅོད་གཏན་འབེབས་གནང་རྒྱུའི་འགན་དང་དབང་ཚད་ཐོ་ཤོས་ཡོད། འོན་ཀྱང་གོ་བསྡུར་ཐག་གཅོད་གཏན་འབེབས་གང་གནང་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་ལས་འགལ་ཐལ་མི་ཆོག་པ་དང་རིགས་སློབ་ཀྱི་དམིགས་ཡུལ་བསྒྲུབ་ཆེད་དུ་དམིགས་དགོས་པ་ཡིན།
གསུམ་པ། ཚོགས་མིའི་མཚན་དང་གྲངས་ཚད།
ཚོགས་མིའི་གྲངས་ཚད་བདུན་དུ་ངེས་པ་ཡིན།( ད་ལྟའི་ཆར་ཚོགས་མི་དྲུག་ལས་མེད།)
ཚོགས་མིའི་མཚན། ཞལ་བྱང་།༼ གོ་གནས་༽
༡། དགེ་བཤེས་བསམ་གཏན་རྒྱ་མཚོ་མཆོག (ཚོགས་གཙོ།) རིགས་སློབ་སྤྱི་ཁྱབ་འགན་འཛིན།
༢། རབ་འབྱམས་པ་བསྟན་འཛིན་སྟོབས་རྒྱས་ལགས། (ཚོགས་དྲུང་།) རིགས་སློབ་དྲུང་ཆེ།
༣། རྒན་པ་སངས་ཚེ་རིང་མཆོག ( ཚོགས་མི།) ས་རཱ་མཐོ་སློབ་སློབ་སྤྱི།
༤། དགེ་བཤེས་འཇིགས་མེད་བློ་གྲོས་ལགས། ( ཚོགས་མི།) ས་རཱ་མཐོ་སློབ་སློབ་སྤྱི་གཞོན་པ།
༥། རིས་མེད་སློབ་དཔོན་ངག་དབང་ཆོས་འཕེལ་ལགས། ( ཚོགས་མི།)རིགས་སློབ་ཨ་མའི་ཤེས་ཡོན་འགན་འཛིན་དང་བོད་དགེ་གཅིག་ལྕོགས།
༦། རིས་མེད་དགེ་བཤེས་ཁམས་བཟང་ལགས། ( ཚོགས་མི།) རིགས་སློབ་ཨ་མའི་གཞུང་ཆེན་སློབ་དཔོན།
བཞི་པ། ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དང་ཚོགས་དྲུང་། ཚོགས་མི་བསྐོ་ཕྱོགས།
༡། ཚོགས་གཙོ་དང་ཚོགས་གཞོན་བསྐོ་གཞག་ཞུ་ཕྱོགས།
རིགས་སློབ་སྤྱི་ཁྱབ་འགན་འཛིན་རྒན་གཞོན་རྣམ་གཉིས་རིམ་བཞིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་དུ་རང་བཞིན་གྱིས་ཆགས་པ་ལས་རིགས་སློབ་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱབ་སྐྱོར་ཡོད་མེད་ལ་ལྟོས་མི་དགོས་པ་ཡིན།
༢། ཚོགས་དྲུང་བསྐོ་གཞག་གནང་ཕྱོགས།
ཚོགས་དྲུང་གི་ལས་ཡུན་ལོ་གཅིག་ཡིན་ཞིང་། ལྷན་ཚོགས་ནས་ཚོགས་མིའི་ཁོངས་ཀྱི་ཚོགས་མི་གཅིག་མང་མོས་ཀྱིས་ཚོགས་དྲུང་གི་ལས་གནས་སུ་ལོ་གཅིག་བསྐོ་གཞག་གནང་རྒྱུ་དང་། ལས་ཡུན་ཟིན་མཚམས་སླར་ཡང་ཚོགས་དྲུང་གི་ལས་གནས་སུ་བསྐོ་གཞག་ཆོག་པ་ཡིན། ཚོགས་དྲུང་ལས་ཐོག་ནས་ཚོགས་དྲུང་གི་ལས་འགན་མུ་མཐུད་སྒྲུབ་མི་ནུས་པ་ཚོགས་གཙོས་གཟིགས་ཚེ་ཚོགས་དྲུང་གི་ལས་འགན་ནས་དགོངས་པ་སྩལ་ཏེ། ལྷན་ཚོགས་ཀྱིས་ཚོགས་མིའི་ཁོངས་ནས་ཚོགས་མི་གཅིག་མང་མོས་ཀྱིས་ཚོགས་དྲུང་གི་ལས་ཡུན་ལྷག་འཕྲོས་ཇི་ཡོད་བར་ཚོགས་དྲུང་གི་སྐུ་ཚབ་ཏུ་བསྐོ་གཞག་གནང་རྒྱུ་ཡིན། ཚོགས་དྲུང་ས་གནས་སུ་མ་བཞུགས་སྐབས་ཚོགས་གཙོས་ཚོགས་མིའི་ཁོངས་ནས་སྐུ་ཚབ་བསྐོ་གཞག་གནང་རྒྱུ་དང་སྐུ་ཚབ་དེར་ཚོགས་དྲུང་གི་འགན་དབང་ཆ་ཚང་ཡོད།
ལྔ་པ། ཚོགས་མི་བསྐོ་གཞག་གནང་ཕྱོགས།
ཚོགས་མིའི་ཁོངས་ནས་དགོངས་པ་གཙང་ཞུས་བྱུང་བའམ་ལྷན་ཚོགས་ཀྱི་ཚོགས་འདུར་ལོ་གཅིག་ལས་བརྒལ་ཏེ་ངོ་བཅར་མ་ཐུབ་པའི་རིགས་ཀྱི་ཚབ་ཏུ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་འོས་མི་བཏོན་གནང་བའི་ཁོངས་ནས་ཚོགས་མི་ལྷག་མ་ཇི་ཡོད་ཚང་འཛོམས་ཐོག་མང་མོས་བསྐོ་གཞག་གནང་རྒྱུ།
༤༽ ལྷན་ཚོགས་ཚོགས་དུས།
ཟླ་བ་གཉིས་རེའི་ནང་ཚོགས་འདུ་ཐེངས་རེ་ཚོགས་རྒྱུ། འོན་ཀྱང་ཛ་དྲག་དགོས་མཁོའི་སྐབས་ཚོགས་གཙོ་དང་ཚོགས་གཞོན་གྱི་བཀའ་འབྲེལ་ཐོག་ཚོགས་དྲུང་ནས་ལྷན་ཚོགས་ཚོགས་བསྐོང་གནང་རྒྱུ།
༥༽ ལྷན་ཚོགས་ནས་གྲོས་ཆོད་འཇོག་སྟངས་དང་འགྱུར་བ་གཏོང་ཕྱོགས།
༡། གྲོས་གཞི་གང་ཡིན་རིགས་ལམ་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་གཞོན་པ་གཉིས་ཀའམ་གང་རུང་ནས་འདོན་གནང་གིས་ཚོགས་དྲུང་བརྒྱུད་རིགས་སློབ་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུར་བགྲོ་གླེང་དང་ཐག་གཅོད་བྱ་སླད་གནང་རྒྱུ། ལྷན་ཚོགས་སྐབས་གྲོས་གཞིའི་ཐོག་ཐག་གཅོད་དང་གྲོས་ཆོད་བཞག་ཟིན་རྗེས་གྲོས་གཞིའི་ནང་མེད་པའི་དོན་གནས་དང་དགོངས་འཆར་རིགས་ལ་གོ་བསྡུར་གནང་ཆོག་ཀྱང་ཐག་གཅོད་གནང་དབང་མེད།
༢། རིགས་སློབ་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་ནས་གྲོས་ཆོད་གང་རུང་འཇོག་པར་ཚོགས་མི་ལྔ་ལས་མི་ཉུང་བ་ཚོགས་ཏེ་གོ་བསྡུར་བགྱིས་ཏེ་མང་མོས་བྱུང་ན་གྲོས་ཆོད་འཇོག་ཆོག་པ་ཡིན། འོན་ཀྱང་ཚོགས་མི་གྲངས་ཉུང་མཐར་ལྔ་ཚོགས་ཏེ་གྲོས་ཆོད་བཞག་པ་གང་ཡིན་སྔར་བཞག་ཟིན་པའི་གྲོས་ཆོད་དང་འགལ་ཐལ་མི་ཆོག
༣། སྔར་བཞག་པའི་གྲོས་ཆོད་གང་ཞིག་ལ་དགོས་གལ་གྱི་དབང་གིས་འགྱུར་བ་གཏོང་དགོས་བྱུང་ཚེ་ལྷན་ཚོགས་ཀྱི་ཚོགས་མི་བདུན་པོ་ཆ་ཚང་ཚོགས་འདུར་ངེས་པར་འཛོམས་དགོས་ཤིང་། ཚོགས་མི་བདུན་ནས་ཉུང་མཐར་ལྔའི་རྒྱབ་གཉེར་མོས་མཐུན་བྱུང་ཚེ་སྔར་གྱི་གྲོས་ཆོད་ལ་འགྱུར་བ་གཏོང་དབང་ཡོད།
དྲུག་པ། གྲོས་ཆོད་ལག་ལེན་དུ་འཁེལ་ཡོད་མེད་གསལ་བཤད།
༡། དེ་སྔ་བཞག་ཟིན་པའི་གྲོས་ཆོད་རྣམས་ལག་ལེན་དུ་བཀལ་ཐུབ་ཡོད་མེད་སྐོར་རིགས་སློབ་སྤྱི་ཁྱབ་འགན་འཛིན་རྒན་གཞོན་ནས་རིགས་སློབ་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་ལ་གསལ་བཤད་གནང་དགོས་རྒྱུ།
༢། ལྷན་ཚོགས་སྐབས་ཚོགས་མི་རྣམས་ནས་རིགས་སློབ་སྤྱི་ཁྱབ་འགན་འཛིན་རྒན་གཞོན་ལ་དེ་སྔ་བཞག་པའི་གྲོས་ཆོད་ལག་ལེན་དུ་བཀལ་ཡོད་མེད་དང་ཇི་ལྟར་བཀལ་ཡོད་མེད་སྐོར་བཀའ་དྲི་ཞུ་ཆོག་པ་ཡིན།
བདུན་པ། ཞིབ་འཇུག་ཚོགས་ཆུང་བསྐོ་གཞག
རིགས་སློབ་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་ནས་གནས་དོན་གང་ཞིག་ཐོག་གནས་ཚུལ་གསལ་པོ་དང་རྒྱས་པོ་ཤེས་རྟོགས་མ་བྱུང་བའི་དབང་གིས་སྐབས་འཕྲལ་ཐག་གཅོད་གནང་བདེ་མ་བྱུང་ཚེ་དེ་ཐད་ཞིབ་འཇུག་ཚོགས་ཆུང་གསར་འཛུགས་གནང་ཆོག་པ་ཡིན།
བརྒྱད་པ། རིགས་སློབ་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་ཀྱི་ཡུན་ཚད།
རིགས་སློབ་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བརྩི་མེད་ཀྱིས་གང་བྱུང་བྱས་པ་དང་བོད་གཞུང་དམངས་ལ་གནོད་སྐྱོན་འགྲོ་གཞིར་གྱུར་པ་དང༌། རིགས་ལམ་སློབ་གཉེར་ཁང་གི་དམིགས་ཡུལ་ལས་ཡོངས་སུ་འགལ་བའི་བྱ་བ་ཤ་སྟག་བྱེད་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རིགས་སློབ་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་འདི་བཞིན་མེད་ན་ལེགས་སྐོར་གྱི་བཀའ་སློབ་བཀའ་དྲིན་བསྐྱངས་གནང་བའི་ཉིན་དེ་ནས་བཟུང་རིགས་སློབ་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་མེད་པ་ཆགས་པ་ཡིན། དེ་ལྟའི་བཀའ་སློབ་མ་ཕེབས་ཀྱི་བར་རིགས་སློབ་སྤྱི་ཁྱབ་འཛིན་སྐྱོང་ལྷན་ཚོགས་གནས་དགོས་རྒྱུ།

