རིགས་ལམ་སློབ་གཉེར་ཁང་གི་ལོ་རེའི་བྱེད་སྒོ་ཁག

དང་པོ། ཉིན་རེའི་བྱེད་སྒོ་ཁག

ཞོགས་པ་ཆུ་ཚོད་ ༥༌༤༥ ཐོག་བཞེངས་བརྡ་གཏོང་དགོས།

ཆུ་ཚོད་ ༦ ནས་ ༧༌༡༥ བར་ཞོགས་ཚོགས་འཚོག་རྒྱུ།

ཆུ་ཚོད་ ༧༌༤༥ ནས་ ༨༌༤༥ བར་གཞུང་ཆེན་བློ་འཛིན་དུས་ཚོད།

ཆུ་ཚོད་ ༩ ནས་ ༡༠༌༣༠ བར་གཞུང་ཆེན་དཔེ་ཁྲིད་དུས་ཚོད།

ཆུ་ཚོད་ ༡༡ ནས་ ༡༢ བར་གཞུང་ཆེན་དཔེ་ཁྲིད་དང། བརྡ་སྤྲོད་སློབ་ཚན་སོགས་སྐབས་གང་འཁེལ་དང། དེ་མིན་རང་སྦྱོང་གི་དུས་ཚོད་ཡིན།

ཆུ་ཚོད་ ༡༢ ནས་ ༡༌༣༠ བར་ཉིན་གུང་གསོལ་ཚིགས་དང་བར་གསེང།

ཆུ་ཚོད་ ༡༌༣༠ ནས་ ༣༌༡༥ བར་ཉིན་གུང་གི་ཆོས་གྲྭ་འཚོག་དང། རྩོད་གྲྭའི་མཇུག་ཏུ་སྐར་མ་བཅོ་ལྔ་ཙམ་གྱི་རིང་རྒྱན་འཇུག་གཉིས་ཀྱི་ཞལ་འདོན་གང་འགྲོ། རེས་གཟའ་ཟླ་བ་དང་ལྷག་པ་གཉིས་ལ་ཞལ་འདོན་གྱི་ཚབ་ཏུ་ཆུ་ཚོད་ཕྱེད་ཀའི་རིང་འཛིན་གྲྭ་སོ་སོར་དམ་བཅའ་འཚོག་དགོས།

ཆུ་ཚོད་ ༣༌༡༥ ནས་ ༤ བར་གསོལ་ཇའི་བར་གསེང།

ཆུ་ཚོད་ ༤ ནས་ ༥༌༣༠ བར་བརྡ་སྤྲོད་སློབ་ཁྲིད་དང་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་སོགས་སྐབས་གང་འཁེལ་དང་། དེ་མིན་རང་སྦྱོང་དུས་ཚོད་ཡིན།

ཆུ་ཚོད་ ༥༌༣༠ ནས་ ༦༌༣༠ བར་དགོང་དྲོའི་གསོལ་ཚིགས་དང་བར་གསེང།

ཆུ་ཚོད་ ༦༌༣༠ ནས་ ༧༌༣༠ བར་དགོང་དྲོའི་ཞལ་འདོན་དང་། དེ་རྗེས་ཆུ་ཚོད་༩༌༣༠ བར་རྩོད་གྲྭ་འཚོག་རྒྱུ།

ཆུ་ཚོད་ ༡༠ ནས་ ༡༡ བར་དགོང་དྲོའི་རང་སྦྱོང་གནང་ནས་བཞུགས་པ་ལས་ཤག་ཚོགས་སོགས་རྒྱག་མི་ཆོག

གཉིས་པ། བདུན་རེའི་དམིགས་བསལ་གྱི་བྱེད་སྒོ་ཁག

༡༽ རེས་གཟའ་ལྷག་པ་ནམ་ཡིན་ལ་དགོང་དྲོའི་རྩོད་གྲྭའི་ཚབ་ཏུ་བོད་སྐྱོང་ལྷ་སྲུང་སྤྱིའི་འཕྲིན་བསྐུལ་དང་འབྲེལ་བའི་སྤྱི་རིམ་རྒྱས་པ་རེ་འཚོག་དགོས་ཤིང། སྐབས་བསྟུན་གྱི་སློབ་སྟོན་བྱ་དགོས་རིགས་ཀྱང་དེའི་མཇུག་ཏུ་བྱ་དགོས།

༢༽ རེས་གཟའ་པ་སངས་ནམ་ཡིན་ལ་དགོང་དྲོའི་རྩོད་གྲྭའི་ཚབ་ཏུ་འཛིན་གྲྭ་སོ་སོར་དམ་བཅའ་འཚོག་རྒྱུ་དང། དམ་བཅའ་བ་རྣམས་འཛིན་གྲྭ་གོང་མ་ནས་འོག་མར་ཕེབས་དགོས།

༣༽ རེས་གཟའ་སྤེན་པ་ནམ་ཡིན་ལ་ཉིན་རྒྱབ་ཆོས་གྲྭ་གྲོལ་རྗེས་སློབ་གཉེར་ཁང་གི་ཁོར་ཡུག་དང་འཛིན་ཁང་སོགས་གཙང་སྦྲ་ལེགས་པོར་གནང་དགོས། དགོང་དྲོའི་ཆོས་གྲྭའི་ཚབ་ཏུ་རང་སྦྱོང་གནང་དགོས་རྒྱུ།

༤༽ རེས་གཟའ་ཉི་མ་ནམ་ཡིན་ལ་གུང་སེང་ཉིན་འཁྱོངས་ཡིན། དགོང་དྲོའི་ཆུ་ཚོད་ ༡༠ ཐོག་རང་ཤག་ཏུ་འབྱོར་ཟིན་པ་དགོས། གུང་སེང་རིགས་ལ་གུ་ཡངས་དང་ཤེས་ཡོན་བློ་རྒྱ་སྤེལ་སླད་ལྟད་མོ་ལྟ་རུང་ཡང་ཕྱི་ལོགས་སུ་དགོངས་ཁྲོལ་མེད་པར་གློག་བརྙན་དང་གཟུགས་མཐོང་རླུང་འཕྲིན་རིགས་བལྟ་རུ་འགྲོ་མི་ཆོག །མཛད་ཆེན་ཁག་དང་སྲིད་དོན་གྱི་གལ་ཆེ་རིགས་བྱུང་ཚེ་འགན་འཛིན་མཆོག་ལ་དགོངས་ཞུས་ཀྱིས་བལྟ་ཆོག

གསུམ་པ། ཟླ་རེའི་དམིགས་བསལ་གྱི་བྱེད་སྒོ་ཁག

༡༽ ཟླ་རེའི་ཕྱི་ཚེས་ ༢༣ དགོང་དྲོའི་ཆུ་ཚོད་ ༤ ནས་ ༩ བར་མཚན་ཕུད་དམ་བཅའ་འཚོག་དགོས། སྐབས་དེར་དམ་བཅའ་བ་རྣམས་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་སོགས་གདན་ཞུ་གང་ཐུབ་གནང་རྒྱུ་དང། མ་ཐུབ་ཚེ་སློབ་གཉེར་བ་ནང་ཁུལ་ནས་འཇོག་དགོས། སྐབས་དེར་དཔེ་ཁྲིད་དགེ་རྒན་རྣམ་པ་ཡང་ཕེབས་དགོས། དམིགས་བསལ་གྱི་རྩོད་རྒྱུགས་དགོས་རིགས་ཀྱང་སྐབས་དེར་བཞེས་ཀྱང་འགྲིག

༢༽ ཟླ་རེའི་ཟླ་མཇུག་ཏུ་སློབ་གཉེར་བ་ཁེ་གཙང་གི་རང་དབང་ཚོགས་འདུ་ཞིག་ཀྱང་འཚོག་དགོས་ཀྱི་ཡོད། སྐབས་དེར་ཚོགས་དྲུང་གིས་བརྗོད་གཞི་གཏན་འབེབས་གནང་ཐོག་སློབ་གཉེར་བ་གཉིས་ཀྱི་གཏམ་བཤད་དང་དྲི་བ་དྲིས་ལན་གནང་དགོས། དེ་ཡང་གཙོ་བོ་སློབ་གཉེར་བར་ཉམས་མྱོང་གསོག་ཆེད་ཡིན་པས་གཏམ་བཤད་པ་ཡང་འཛིན་གྲྭ་སོ་སོའི་མཚན་ཐོའི་གོ་རིམ་བཞིན་གནང་དགོས་པ་ལས་རྟག་པར་སློབ་གཉེར་བ་འགའ་ཤས་ཤིག་ནས་གནང་བ་སོགས་བྱ་མི་ཆོག དེ་རྗེས་སློབ་གཉེར་བ་རྣམས་ཀྱིས་སློབ་གཉེར་ཁང་འདིའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་མཚོན་པའི་བསམ་འཆར་འདོན་པ་དང་གྲོས་བསྡུར་བགྱིས་པ་རྣམས་ཚོགས་དྲུང་གིས་ཚིག་ཐོར་བཀོད་ནས་འགན་འཛིན་མཆོག་ལ་སྙན་སྒྲོན་ཞུས་ཏེ་ཐག་གཅོད་གནང་རྒྱུ། ༼དོན་ཚན་འདི་རིགས་སློབ་ཚོགས་དྲུང་གིས་འགན་བཞེས་གནང་དགོས།༽

༣༽ ཆབ་སྲིད་དང་དེང་དུས་ཀྱི་ཤེས་ཡོན་སོགས་ཤེས་བྱ་སྤྱིའི་གོ་རྟོགས་རྒྱ་བསྐྱེད་དང་ཉམས་མྱོང་གསོག་ཆེད་ཕྱི་ནང་གི་མཁས་དབང་གདན་ཞུ་གནང་སྟེ་གསུང་བཤད་དང། མཇུག་ཏུ་དྲི་བ་དྲིས་ལན་སོགས་གནང་དགོས། དེ་ཡང་ཟླ་རེར་གདན་ཞུ་ཐུབ་ན་རབ་དང་དེ་མ་བྱུང་ནའང་ཟླ་བ་གཉིས་ནང་མཁས་དབང་རེ་གདན་ཞུ་ཐུབ་པ་གནང་དགོས། ༼དོན་ཚན་འདི་རིགས་སློབ་ཚོགས་དྲུང་གིས་འགན་བཞེས་གནང་དགོས།༽

༤༽ ལོ་གཅིག་གི་ནང་སློབ་གཉེར་བའི་གཞུང་ཆེན་བགྲོ་གླེང་ཐེངས་གཉིས་འཚོག་གི་ཡོད། དེ་ཡང་འཛིན་གྲྭ་རེ་ནས་སློབ་གཉེར་བ་རེ་རེས་ལོ་རེའི་སློབ་ཚན་དང་འབྲེལ་བའི་བརྗོད་གཞི་ཞིག་གི་ཐོག་རྩོམ་ཤོག་བྲིས་ཏེ་གཏམ་བཤད་དང་དེ་རྗེས་སློབ་གཉེར་བ་བྱིངས་ཀྱིས་དོགས་དྲིར་ལན་འདེབས་ཀྱང་གནང་དགོས། གཏམ་བཤད་སྐབས་གཞུང་ཆེན་སློབ་དཔོན་རྣམ་པ་ཟུར་དཔང་དུ་ཕེབས་དགོས། མཇུག་ཏུ་ཟུར་དཔང་སློབ་དཔོན་བགྲེས་པ་ཞིག་ནས་བགྲོ་གླེང་སྐབས་ཀྱི་སྐྱོན་འདོན་ཡོ་བསྲང་དང་དགོངས་ཚུལ་གསུང་དགོས།

བཞི་པ། ལོ་རེའི་དམིགས་བསལ་གྱི་བྱེད་སྒོ་ཁག

༡༽ ལོ་རེར་གླིང་ཁ་ཉིན་གསུམ་ཡོད། དེ་ཡང་བོད་ཟླ་གསུམ་པའི་ཟླ་མཇུག་ཙམ་ལ་གནམ་གཤིས་དྲོ་གྲང་སྙོམས་པས་སྐབས་དེར་གླིང་ཁ་ཉིན་གསུམ་རིང་གཏོང་བཞིན་ཡོད། སློབ་གཉེར་བ་རྣམས་གུ་ཡང་དང་རྩེད་རིགས་འདྲ་མིན་རྩེ་རྒྱུར་ཤིན་ཏུ་དགའ་བས་ཕྱི་རོལ་ཏུ་ཕེབས་ཏེ་གཏོང་ཐུབ་ན་རབ་དང་དེ་མིན་སློབ་གཉེར་ཁང་རང་དུ་གཏོང་རྒྱུ། ༼རིགས་སློབ་འགན་འཛིན་མཆོག་ནས་སྐབས་བསྟུན་ཐག་གཅོད་གནང་རྒྱུ།༽

༢༽ བོད་ཟླ་ ༤ ཚེས་ ༡ ནས་ ༨ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་མ་ཎི་དྲུང་སྒྲུབ་འཚོག་བཞིན་ཡོད་པས་དབུ་ཕར་གྱི་འཛིན་གྲྭ་རྣམས་ཕེབས་དགོས། གསང་སྔགས་དང་སློབ་དཔོན་འཛིན་གྲྭ་གཉིས་རྣམ་ཀུན་ལྟར་དཔེ་ཁྲིད་འཚོག་རྒྱུ།

༣༽ བོད་ཟླ་བཞི་པའི་ཚེས་ ༡༠ ཉིན་ནས་ཞག་པོ་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཕྱའི་ཞབས་རིམ་དང། སློབ་གཉེར་ཁང་འདིའི་དམིགས་བསལ་ཞབས་རིམ་བཅས་ཀྱི་ཆེད་དབུ་ཕར་གཉིས་ཀྱི་འཛིན་གྲྭ་གང་རུང་ཞིག་རི་རྩེར་རླུང་རྟ་དར་འཛུགས་དང་བསངས་གསོལ་གཏོང་བར་ཕེབས་དགོས། (ལོ་ལྟར་ཕེབས་དགོས་མིན་འགན་འཛིན་མཆོག་ནས་སྐབས་བསྟུན་ཐག་གཅོད་གནང་རྒྱུ།)

༤༽ བོད་ཚེས་ ༩ ནས་ ༡༣ བར་བོད་བསྟན་པ་ཆབ་སྲིད་དང༌། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་མཛད་འཕྲིན་རྒྱས་ཆེད་དང། རིགས་ལམ་སློབ་གཉེར་ཁང་གི་ཞབས་རིམས། རིགས་ལམ་སློབ་གཉེར་ཁང་གི་སྦྱིན་བདག་གི་གཙོས་པའི་དད་ལྡན་ཡོངས་ལ་དམིགས་ཏེ་རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་གསུམ་དག་སྒྲོག་ཚར་གསུམ་བཞི་གང་འགྲོ་དང། བཀྲ་ཏོག་གསེར་གསུམ། ཕལ་ཆེན། གཟུངས་བསྡུས་བཅས་དག་སྒྲོག་དང། སྒྲོལ་མ་གང་འགྲོ་བཅས་ཞབས་རིམ་གང་རྒྱས་གནང་དགོས།

༥༽ བོད་ཚེས་ ༡༤ ཉིན་ཚོགས་ཁང་གཙང་བཟོ་དང། མཆོད་པ་སྒྲིག་གཤོམ་གྱིས་མཚོན་པའི་གྲ་སྒྲིག་དང། བོད་ཚེས་ ༡༥ ཉིན་གང་རྣམ་རྒྱལ་སྟོང་མཆོད་རྒྱས་པ་སྨིན་སྒྲུབ་ཞུ་དགོས་པ་དང་། དགོང་དྲོ་རྒྱན་འཇུག་གཉིས་འདོན་དགོས།

༦༽ བོད་ཚེས་ ༡༦ ཉིན་ཞོགས་པ་གཙང་སྦྲ་དང་དེ་རྗེས་གུང་སེང་ཡིན།

༧༽ ལོ་ལྟར་ཕྱི་ཟླ་ ༧ དང་ ༨ ཟླ་གཉིས་རིང་ཚད་མ་རྣམ་འགྲེལ་གྱི་རྩ་འགྲེལ་ཁག་ལ་ཐོས་བསམ་སློབ་གཉེར་གནང་དགོས་ཤིང། ཚད་མ་རྣམ་འགྲེལ་རྩ་འགྲེལ་ཁག་ལ་ཟླ་གཉིས་རིང་སློབ་གཉེར་གནང་རྗེས་ཕྱི་ཟླ་ ༨ ཚེས་ ༢༣ ནས་འགོ་འཛུགས་ཀྱི་ཉིན་གཉིས་གསུམ་རིང་འཛིན་གྲྭ་གོང་འོག་རྣམ་འགྲེལ་རྩོད་ལན་འཐབ་ཏུ་འཇུག་གི་ཡོད། སྐབས་དེར་འགན་འཛིན་གྱིས་གཙོས་པའི་གཞུང་ཆེན་དཔེ་ཁྲིད་དགེ་རྒན་རྣམས་རྩོད་དཔང་དུ་ཞུགས་ཏེ། རིགས་སྟོབས་བཟང་ཞན་སོགས་ལ་ཉམས་ཞིབ་གནང་གི་ཡོད། སྐབས་དེར་ལུང་རིགས་དང་མི་མཐུན་པའམ་ཚིག་ཙམ་ལ་འཁྱམས་པ་ལྟ་བུ་བྱུང་རིགས་འགན་འཛིན་ནམ་དཔེ་ཁྲིད་དགེ་རྒན་རྣམ་པས་རྩོད་ལམ་སྤོ་རུ་འཇུག་དགོས། རྩོད་དཔང་པ་སློབ་དཔོན་སྐུ་བགྲེས་ཤིག་གིས་དོགས་གནད་ཅན་གསལ་བཤད་དགོས་རིགས་དང། རྩོད་ལན་གོ་ལོག་སོང་རིགས་རྣམས་ཟིན་བྲིས་བཀོད་དེ་མཐའ་མར་མཇུག་བསྡུས་ཀྱི་ལྷན་ཚོགས་སྐབས་འགན་འཛིན་དང་རྩོད་དཔང་པ་སློབ་དཔོན་བགྲེས་པ་རྣམ་གཉིས་ཀྱིས་གསལ་བཤད་དང་འབྲེལ་དྲི་བ་དྲིས་ལན་གྱིས་དོགས་སེལ་བྱེད་ཀྱི་ཡོད་པ་འདི་ནི་སློབ་གཉེར་ཁང་འདིའི་སྒོས་ཆོས་ཤིག་ཡིན།

༨༽ དགག་དབྱེའི་སྐབས་གླིང་ག་ཉིན་གཅིག་གཏོང་སྲོལ་ཡོད།

ལྔ་པ། ལོ་ཕྱེད་དང་ལོ་འཁོར་རྒྱུགས་སྤྲོད། རང་སྦྱོང་བཅས་ཀྱི་སྐོར།

༩༽ ཕྱི་ཟླ་ ༦ པའི་ཟླ་མཇུག་ཏུ་སློབ་གཉེར་ཁང་འདིའི་ལོ་ཕྱེད་དབུ་ཕར་གྱི་རྩོད་རྒྱུགས་གཏོང་དགོས། རྩོད་རྒྱུགས་ལ་རང་སྦྱོང་ཉིན་གསུམ་ཡོད། དེ་ཡང་རིགས་སློབ་ཤེས་ཡོན་འགན་འཛིན་གྱིས་སྐབས་བསྟུན་གསལ་བསྒྲགས་གནང་དགོས་རྒྱུ།

༡༠༽ རྒྱུགས་སྤྲོད་ཀྱི་རང་སྦྱོང་མ་བཞག་གོང་སློབ་གཉེར་བའི་ལོ་འཁོར་རྩོམ་ཤོག་འབུལ་དགོས། རྩོམ་ཤོག་དེ་ཡང་ཉུང་མཐར་ངོ་ཤོག་གཉིས་ལས་མང་བ་འབྲི་དགོས།

༡༡༽ འབྲི་རྒྱུགས་དང་རྩོད་རྒྱུགས་ཀྱི་རང་སྦྱོང་མ་བཞག་གོང་། དབུ་ཕར་ལོ་རིམ་སོ་སོར་བློ་འཛིན་རྒྱུགས་གཞུང་ཆ་བགོས་བྱས་པ་བཞིན་ལོ་རེའི་བློ་རྒྱུགས་འབུལ་དགོས། བློ་རྒྱུགས་དེ་ཡང་ཆོས་མཚམས་ཀྱི་སྐབས་སུ་ལེན་དགོས་པ་ཡིན།

༡༡༽ རྒྱུགས་སྤྲོད་ཀྱི་རང་སྦྱོང་སྐོར། བློ་རྒྱུགས་ལ་རང་སྦྱོང་ཉིན་གསུམ་ཡོད། བསྡུས་གྲྭ་དང་ཕར་ཕྱིན། དབུ་མ་བཅས་ཀྱི་རྩོད་རྒྱུགས་དང་འབྲི་རྒྱུགས་གཉིས་ལ་བསྡོམས་པའི་རང་སྦྱོང་ཉིན་གྲངས་བཅོ་ལྔ་དང། དབུ་ཕར་རབ་འབྱམས་པའི་སྐབས་རང་སྦྱོང་ཟླ་བ་གསུམ་རེ་ཡོད། སློབ་དཔོན་ལོ་རིམ་བཞིའི་རིང་ལོ་རེའི་རང་སྦྱོང་ཟླ་བ་གཅིག་དང་ཕྱེད་ཀ་ཡོད། གསང་སྔགས་ལོ་རིམ་གཉིས་རིང་ལོ་རེའི་རང་སྦྱོང་ཟླ་བ་གཅིག་རེ་ཡོད། འཇང་དགུན་ཆོས་སུ་ཕེབས་རེས་འཁེལ་ཚེ་རང་སྦྱོང་ཉིན་གྲངས་བཅུ་ཡོད།