
༈ བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་ནི་ཕྱི་ལོ་ ༡༩༧༣ ཟླ་ ༧ ཚེས་ ༦ ༸རྒྱལ་བའི་སྐུའི་འཁྲུངས་སྐར་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འཛུགས་བཀའ་དྲིན་བསྐྱངས། སློབ་གཉེར་ཁང་འདི་ནི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་སྒེར་གྱིས་གསར་འཛུགས་བསྐྱངས་པའི་སློབ་གཉེར་ཁང་ཐོག་མ་དེ་ཡིན། ཞིང་གཤེགས་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་དབུ་འཛིན་དང་དགེ་རྒན་གཅིག་ལྕོགས་གནང་སྟེ་འཛིན་སྐྱོང་དང་རྒྱ་བསྐྱེད་གནང་བ་ཞིག་ཡིན།

ཐོག་མའི་འགན་འཛིན་དང་སློབ་དགེ་གཅིག་ལྕོགས་ནི་རྒན་བློ་བཟང་རྒྱ་མཚོ་མཆོག་ཡིན།
༄༅། །རྒྱལ་གཅེས་ལྷག་བསམ་བླ་ན་མེད་པ་བཀའ་དྲིན་མཚུངས་མེད་རིགས་ལམ་སློབ་གཉེར་ཁང་གི་དབུ་དགེ་དམ་པ་དགེ་བའི་བཤེས་གཉེན་ཆེན་མོ་ཤཱཀྱའི་དགེ་སློང་བློ་བཟང་རྒྱ་མཚོ་མཆོག་གི་མཛད་རྗེས་སྙིང་བསྡུས་བཞུགས་སོ།།
ཕྱི་ལོ་ ༡༩༧༣ ལོར་༸གོང་ས་མཆོག་གིས་བསྟི་གནས་ཁང་དེ་གསར་འཛུགས་གནང་བར་བསྐོ་གཞག་གནང་རྗེས་རྒྱ་གར་རྡ་རམ་ས་ལར་གནས་སྤོ་གནང་ཡོད། དཀའ་ངལ་ཆེ་བའི་ལོ་འགའི་རྗེས་སུ་སློབ་གཉེར་ཁང་འདི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གྲུབ་འབྲས་ཐོན་པའི་ལོ་རྒྱུས་ཀྱི་གྲས་སུ་ཚུད་ཡོད། ཕྱི་ལོ་ ༡༩༩༡ ལོར་དབུ་དགེ་དམ་པ་མཆོག་གིས་སློབ་གཉེར་ཁང་འདིའི་ཕྱག་ལས་རྒྱ་བསྐྱེད་གནང་སྟེ་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་བོད་ཀྱི་མཐོ་སློབ་ཁང་གསར་སྐྲུན་གནང་བ་དང་། ཁོང་གི་ལམ་སྟོན་འོག་སློབ་གཉེར་ཁང་འདི་གཉིས་ནས་ཕོ་མོ་དབྱེར་མེད་དང་སེར་སྐྱ་དབྱེར་མེད་ཀྱིས་བོད་རིགས་གཙོས་མི་རིགས་འདྲ་མིན་གྱི་སློབ་གཉེར་བ་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་སློབ་སྦྱོང་སྤྲོད་བཞིན་ཡོད་པས། བོད་ཀྱི་རིག་གཞུང་ལ་སློབ་གཉེར་གནང་སའི་སྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།

