ཐོག་མའི་འགན་འཛིན་དང་སློབ་དགེ་གཅིག་ལྕོགས་ནི་རྒན་བློ་བཟང་རྒྱ་མཚོ་མཆོག་ཡིན།

༄༅། །རྒྱལ་གཅེས་ལྷག་བསམ་བླ་ན་མེད་པ་བཀའ་དྲིན་མཚུངས་མེད་རིགས་ལམ་སློབ་གཉེར་ཁང་གི་དབུ་དགེ་དམ་པ་དགེ་བའི་བཤེས་གཉེན་ཆེན་མོ་ཤཱཀྱའི་དགེ་སློང་བློ་བཟང་རྒྱ་མཚོ་མཆོག་གི་མཛད་རྗེས་སྙིང་བསྡུས་བཞུགས་སོ།།
དམ་པ་ཁོང་གི་འཁྲུངས་ཡུལ་ནི། བོད་ཤར་ཕྱོགས་མདོ་ཁམས་ཀོང་རའི་ཡུལ་གྱི་ཤོག་ཁག་གསུམ་སྡེ་ཁག་གི་ཡར་གྲོང་གཉའ་མ་ནང་ཚང་ཞེས་པའི་ཞིང་ཁྱིམ་དུ་ཡབ་ཨ་འཁྲུག་དང་ཡུམ་པ་སངས་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༨ ལོར་སྐུ་བལྟམས། དམ་པ་ཁོང་གི་སྤུན་མཆེད་གཉིས་ཡོད་པ་ལས་འབྲིང་པོ་ཡིན། སྐུ་ན་ཆུང་བའི་སྐབས་སྙུང་བས་བླ་མ་ཞིག་གིས་རིལ་བུ་ཞིག་གནང་ནས་བར་ཆད་བཟློག་ཕྱིར་དུ་སྤྲང་ཐར་ཞེས་མཚན་གསོལ། དགུང་ལོ་ ༧ ནས་ ༡༢ བར་ཕྱི་ཚུལ་ར་ལུག་འཚོ་སྐྱོང་གནང་ཡང་ཐུགས་འདུན་ལ་རབ་ཏུ་བྱུང་འདོད་ཤུགས་དྲག་སྐྱེས་ནས་ཉིན་ཞིག་དགོན་པར་བྲོས་སྐབས་ལམ་དུ་རྒན་པ་ཞིག་དང་ཕྲད་ནས་ཕྱིར་འཁྲིད། དགུང་ལོ་ ༡༣ ཐོག་དོན་གྲུབ་གླིང་གཞིས་དགོན་གྱི་དགེ་བསྐོས་ཞང་པོ་དམ་པས་གྲྭ་པ་བྱེད་དུ་བཅུག གཞིས་དགོན་དུ་དགུང་ལོ་ ༡༧ བར་ནོར་རྫི་ལ་ཕེབས་ཞོར་ཆོས་སྤྱོད་དང་ཆོ་ག་ཕྱག་ལེན་སོགས་ཐུགས་འཛིན་གནང་། དེ་རྗེས་གདན་ས་འབྲས་སྤུངས་སུ་ཕེབས་ནས་བློ་གླིང་གྲྭ་ཚང་དུ་ལོ་བདུན་རིང་དགེ་བའི་བཤེས་གཉེན་བྱམས་པ་བསམ་གཏན་སོགས་བསྟེན་ནས་འཚོ་བ་ངན་ངོན་ཙམ་གྱིས་ཉིན་མཚན་ལྟོས་མེད་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་སོགས་རང་རྒྱུད་དང་འདྲེས་ངེས་གནང་བས་བློ་གླིང་གྲྭ་ཚང་གི་དཔེ་ཆ་བ་ཨང་དང་པོའི་གྲས་སུ་ཚུད། དེ་དུས་ཁོང་ནི་ཕྱག་དཔེ་ཁོ་ནར་དབུ་འཁོར་ནས་ཕྱག་ལས་གང་ཡང་མི་གནང་མཁན་ཞིག་ཡིན་མོད། རྗེས་སུ་ ༡༩༥༤ ལོར་ཁང་ཚན་ལས་ཐོག་ཏུ་བབས་པས་ཀུན་གྱི་དགའ་མོས་ཞུ་ཡུལ་གྱི་འཇོན་ཐང་ཅན་ཞིག་ཏུ་གྱུར་བས་སླར་ཡང་ ༡༩༥༦ ནས་མུ་མཐུད་ལོ་གསུམ་ཕྱག་ལས་གནང་སྟབས་ཕྱག་དཔེ་གཟིགས་རྒྱུའི་གོ་སྐབས་དུས་ཐུང་ལས་བྱུང་མེད།
ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ཕེབས་རྗེས་མ་འོངས་བོད་ཀྱི་སོན་རྩ་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་དང་སློབ་གསོ་གནད་སྨིན་ཆེད་བསྐྱེད་བསྲིང་གནང་རྒྱུ་གལ་ཆེར་དགོངས་ནས་ ༡༩༦༤ ལོར་རང་གཞུང་གིས་བཙུགས་གནང་བའི་བཙན་བྱོལ་བོད་མིའི་ཆེས་ཐོག་མའི་དགེ་འོས་འཛིན་གྲྭར་ཆེད་ཞུགས་ཀྱིས་ཐུན་མོང་རིག་གནས་ཁག་དང་དགེ་འོས་སྦྱོར་བརྡར་གནང་། ཕྱི་ལོ་ ༡༩༦༥ ལོར་མ་སུ་རི་གཏན་སློབ་ཀྱི་ཡན་ལག་སྦ་རིསི་ཐན་དུ་སློབ་ཕྲུག་ ༡༧༠ ལྷག་གི་བུ་ཆུང་བའི་ཁང་ཚན་དགེ་རྒན་དང་སློབ་དགེ་ལོ་གཉིས་རིང་ཐུགས་འགན་བཞེས། དེ་རྗེས་གཏན་སློབ་ཏུ་ཟླ་སྒྲིལ་བཏང་ནས་འཛིན་རིམ་དགུ་པ་ནས་བཅུ་གཅིག་བར་བོད་དགེ་དང་རྒྱ་བཟའ་ཁང་ཚན་གྱི་དགེ་རྒན་ལོ་ལྔ་ཙམ་གནང་། དེ་རྗེས་སློབ་གྲྭའི་ཆོས་དགེའི་ཐུགས་འགན་ཡང་བཞེས་ཏེ་རེས་གཟའ་ལྷག་པ་ནམ་ཡིན་ལ་གསུང་ཆོས་དང་ནང་པའི་དུས་ཆེན་ངོ་སྤྲོད་དང་འབྲེལ་སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་བསྒྲིལ་དགོས་པའི་བཀའ་སློབ་ཟབ་མོ་གནང་བ་དང་། དེའི་ཚེ་མ་སུ་རི་གཏན་སློབ་དང་བོད་ཁྱིམ་ཁུངས་ཡོད་རབ་བྱུང་རྣམས་ལ་ཚེས་བཅུ་ཉེར་ལྔ་དང་། དབྱར་གནས་གསོ་སྦྱོང་སོགས་ཀྱི་ཐུགས་འགན་ཡང་བཞེས། སློབ་ཕྲུག་ཚོར་བོད་མིའི་ཡ་རབས་གོམས་གཤིས་དང་ཆོས་ཀྱི་བག་ཆགས་གཏིང་ཟབ་བཞག་གནང་མཛད། དེའི་སྟེང་བུ་མོའི་ཁང་ཚན་གཉིས་ཀྱི་དགེ་རྒན་ཡང་གནང་བ་དང་ཆབས་ཅིག་གླུ་གཞས་དང་། རྒྱལ་རབས་ལོ་རྒྱུས་ཀྱི་གཏམ་བརྗོད་འཁྲབ་སྟོན་སོགས་སློབ་ཁྲིད་དང་འཁྲབ་ཆས་ཀྱི་རིགས་ཀྱང་སྐུ་ཉིད་ནས་ཕྱག་འགྲོན་གནང་སྟེ་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་ཡོང་བའི་ཕྱག་རྗེས་བཞག དེ་མིན་རྣམ་ཀུན་ཕྲུ་གུ་ཚོའི་གྱོན་གོས་འཁྲུད་རོགས་དང་ལྷག་པར་དུ་དྭ་ཕྲུག་སོགས་ལ་སྨན་དང་ཡིག་ཆས་སོགས་གནང་བ་དང་། དུས་ཆེན་ཁག་ལ་གཞུང་ནས་གསོལ་ཚིགས་དམིགས་བསལ་མེད་དུས་ཀྱང་ཁོང་ནས་ཕྱག་གྲོན་བཏང་སྟེ་ཞལ་ལག་གནང་གི་ཡོད། དེ་ལྟར་ཁོང་གི་ཟླ་རེའི་གསོལ་ཕོགས་ཕལ་ཆེར་ཕྲུ་གུ་ཚོའི་མཐུན་རྐྱེན་དུ་སྦྱར་ཏེ་ཟླ་མཇུག་ལ་ཕྱག་དངུལ་ཡང་ལྷག་གི་མེད།
མདོར་ན་ཕྲུ་གུ་རྣམས་ཕ་མ་ནང་བཞིན་བྱམས་བརྩེ་ཆེན་པོས་བསྐྱངས་པས་ཕྲུ་གུ་འགའ་རེས་ང་ཚོའི་པ་ལགས་ཞེས་ཀྱང་ཞུ་སྲོལ་ཡོད། འཛིན་གྲྭར་སློབ་ཁྲིད་ཙམ་མ་ཡིན་པར་ན་གཞོན་ཚོར་ཆོས་དང་རིག་གཞུང་སོགས་དང་འབྲེལ་བའི་ཕྱག་ལས་སྣེ་མང་གི་ཐུགས་འགན་བཞེས་པ་དང་སློབ་ཕྲུག་ཚོར་ཐབས་མཁས་ཐུགས་རྗེས་སྐྱོང་གནང་མཛད་པ་བཅས་ལ་བརྟེན་ནས་སྐབས་དེའི་སློབ་སྤྱི་དམ་པ་བཀའ་ཟུར་ཕྲེང་རིང་མཆོག་དང་ལྷ་སྐུ་ཕྲེང་རིང་རིན་ཆེན་སྒྲོལ་མ་རྣམ་གཉིས་ནས་ཀྱང་རྟག་ཏུ་བསྔགས་བརྗོད་དང་གུས་བཀུར་ཚད་མེད་གནང་གི་ཡོད་ལ། ཕྱི་ལོ་ ༡༩༦༩ ལོར་༸གོང་ས་མཆོག་མ་སུ་རིར་ཞབས་སོར་བཀའ་དྲིན་བསྐྱངས་སྐབས་ཐུགས་དགྱེས་མཉེས་ཆེན་པོས་དམ་པ་གང་གི་གཟིམ་ཤག་ཏུ་ཆིབས་སྒྱུར་གནང་ཞིང་དམིགས་བསལ་ཆེ་བསྟོད་ཀྱང་གནང་། ༸རྒྱལ་བའི་སྤྱན་སྔར་དབུ་མའི་དམ་བཅའ་བཞག་ཅིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྟགས་བསལ་གཏོང་གནང་གིས་མགོན་པོ་ཀླུ་སྒྲུབ་ཀྱི་ཟབ་མོ་དབུ་མའི་ལྟ་སྲོལ་ལ་དམིགས་བསལ་གྱི་ཡིད་ཆེས་དང་དད་པ་ཆེན་པོ་འཁྲུངས་པ་མ་ཟད། ༸གོང་ས་མཆོག་ལ་དད་གུས་རྩེ་གཅིག་གིས་སྐུ་མདུན་དང་བོད་གཞུང་གཉིས་དབྱེར་མེད་ཀྱི་འདུ་ཤེས་སྐྱེས། དེའི་སྐབས་ཁོང་བྱ་བྲལ་དུ་ཕེབས་འདོད་ཡོད་ཚུལ་༸གོང་ས་མཆོག་ལ་ཞུས་པར་བཀའ་ལན་དུ་དེ་ལེགས་སྐོར་གསུངས་ནའང་རྗེས་སུ་ཤེས་ཡོན་དང་འབྲེལ་བའི་ཕྱག་ལས་གནང་སྟེ་བཞུགས་ན་ལེགས་པའི་བཀའ་ཕེབས་པ་བཞིན་མུ་མཐུད་ཤེས་ཡོན་དང་འབྲེལ་བའི་ཕྱག་ལས་རྒྱུན་འཁྱོངས་གནང་།
ཕྱི་ལོ་ ༡༩༧༡ ལོར་དྷ་སར་ཤེས་རིག་ཚོགས་འདུ་ཐེངས་གཉིས་པར་བསྐྱངས་པའི་ཐོག་མ་སུ་རིའི་གྲྭ་གཞོན་རྣམས་ནས་དེང་དུས་ཀྱི་ཤེས་རིག་སློབ་སྦྱོང་དང་མཐུན་པའི་བོད་ལུགས་མཚན་ཉིད་སློབ་སྦྱོང་བྱ་འདུན་ཡོད་ཚུལ་བསམ་འཆར་བཏོན་པ་བཞིན་༸གོང་ས་མཆོག་ཚོགས་འདུའི་དབུ་བཞུགས་སུ་ཆིབས་སྒྱུར་བསྐྱངས་པ་དང་སྟབས་བསྟུན་སྙན་གསན་ཕུལ་བས། ཕྱི་ལོ་ ༡༩༧༣ ལོར་༸གོང་ས་མཆོག་གིས་གསར་དུ་བཙུགས་པའི་རིགས་ལམ་སློབ་གྲྭའི་དབུ་དགེར་བསྐོ་གཞག་གནང་བ་བཞིན་རིགས་ལམ་སློབ་གྲྭའི་དབུ་འཛིན་དང་སློབ་དགེ་གཅིག་ལྕོགས་ཀྱི་ཐུགས་འགན་གཙང་བཞེས་གནང་། དེ་སྐབས་སློབ་ཕྲུག་ ༢༩ དང་མ་བྱན་གཉིས། དགེ་རྒན་ཁོང་ཉིད་གཅིག་པུ་བཅས་ལས་མེད། དེ་ཡང་དམ་པ་གང་ནས་༸གོང་ས་མཆོག་མཇལ་བཅར་སྐབས་སུ། སློབ་ཕྲུག་ཚོ་སེམས་ཤུགས་འཕར་ཆེད་འཚོ་ཕོགས་སློབ་ཕྲུག་རྣམས་དང་འདྲ་མཉམ་ཙམ་ལས་མི་ཞུ་བ་དང་། གོ་གནས་མིང་གྲགས་མི་འདོད་ཀྱང་བཀའ་བཞིན་ལས་དོན་གང་ཅི་ཧུར་ཐག་ཞུ་རྒྱུ། སྒེར་དོན་སྤངས་ནས་སྤྱི་དོན་འབའ་ཞིག་སྒྲུབ་རྒྱུ་བཅས་ཐུན་མོང་མིན་པའི་ལྷག་བསམ་རྣམ་དག་གིས་དམ་བཅའ་ཆེན་པོ་གསུམ་ཕུལ་གནང་བ་བཞིན་སྐུ་ཚེ་གང་པོར་སློབ་གཉེར་བ་རྣམས་དང་གསོལ་ཕོགས་གཅིག་མཚུངས་ཀྱིས་ཆོག་ཤེས་ཆེན་པོས་ཆེ་ཚུལ་ཡོངས་སུ་སྤངས་ཏེ་སློབ་མ་རྣམས་དང་སྐྱིད་སྡུག་མཉམ་མྱོང་གིས་སློབ་ཁྲིད་འཛིན་སྐྱོང་དང་དཔེ་ཁྲིད་གནང་བ་སོགས་ལས་སྒོ་མཐའ་དག་སྐུ་ངལ་བརྗོད་ལས་འདས་པ་བསྐྱོན་ནས་རིམ་བཞིན་དུ་སློབ་ཚན་འདྲ་མིན་ཇེ་མང་དང་ད་དུང་སློབ་ཐོན་ལག་ཁྱེར་ཚད་ལྡན་བཟོས་ཏེ་སློབ་གྲྭ་ཡང་རྒྱ་བསྐྱེད་གནང་། ཕྱི་ལོ་ ༡༩༨༠ ནས་ ༡༩༨༦ སྦིར་སློབ་གྲྭ་མ་ཚུགས་བར་བོད་ནས་གསར་དུ་འབྱོར་བའི་སློབ་གཉེར་བ་ ༥༠༠ སྐོར་ལ་བོད་ཡིག་དང་དབྱིན་ཇི་སོགས་སོ་སོའི་བློ་རིག་དང་འཚམས་པའི་སློབ་སྦྱོང་སྤྲད། ཕྱི་ལོ་ ༡༩༩༡ ལོར་སླར་ཡང་སྦིར་སློབ་ཏུ་མ་འཛུལ་བའི་སློབ་མ་ཉི་ཤུ་ལྷག་ལ་རིགས་སློབ་གཞུང་རང་གིས་འགྲོ་གྲོན་བཏང་སྟེ་རིག་གནས་འཛིན་གྲྭ་གསར་འཛུགས་ཞུས། ཕྱི་ལོ་ ༡༩༩༢ དང་ ༡༩༩༤། ༡༩༩༥ ལོ་སོ་སོར་ཤེས་ལྷན་ནས་འགྲོ་གྲོན་བཏང་བའི་དགེ་འོས་སྐབས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་སློབ་མ་དགུ་བཅུ་ལྷག་ལ་དགེ་འོས་སྦྱོང་བརྡར་དང་ཕྱི་ནང་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་སྤྲད་ཅིང་སྐབས་གསུམ་པའི་དགེ་འོས་ནང་རིགས་སློབ་རང་ཁོངས་ནས་སྦྱིན་བདག་བཙལ་ནས་དགེ་འོས་འཛིན་གྲྭ་གཅིག་ཁ་བསྣོན་བྱས་ཏེ་སློབ་གྲྭ་ཁག་གི་བོད་དགེའི་དཀའ་ངལ་མི་ཉུང་བ་ཞིག་བསལ་ཡོད། ད་དུང་འདེམས་ལྷན་གྱི་གོ་སྒྲིག་འོག་ལས་བྱེད་འོས་སྦྱོང་གི་ཟབ་སྦྱོང་ཐེངས་གཉིས་ལ་སྲི་ཞུ་བ་ཉེར་དགུར་སློབ་སྦྱོང་སྤྲད་ཡོད། དེ་མིན་སློབ་གྲྭ་ཁག་ཏུ་གུང་གསེང་སྐབས་སུའང་ཕྱོགས་མཐའི་སློབ་གཉེར་བ་དག་ལ་ཕྱི་ནང་རིག་གནས་སློབ་སྦྱོང་དང་བསྐྱར་སྦྱོང་རོགས་འཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཧི་མ་ལ་ཡའི་རི་བརྒྱུད་ཁུལ་དུ་ནང་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་ཕར་ཕྱིན་གསར་འཛུགས་ནམ་ཡིན་ལ་དམིགས་བསལ་ས་མིག་ལྔ་རེ་སྤྲོད་ཀྱི་ཡོད། སློབ་གྲྭ་འདི་བཞིན་ཆོས་བརྒྱུད་དང་ལུང་ཚན་སོགས་ཀྱི་དབྱེ་བ་མེད་པར་ཕྱི་རྒྱལ་མི་རིགས་གཞན་ལའང་ཆོས་རིག་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཕུལ་དང་འབུལ་བཞིན་ཡོད། བཙུན་དགོན་ཁག་ཏུ་ཆོས་ཀྱི་སློབ་གཉེར་ཡར་རྒྱས་སླད་དུ་ཡང་རིགས་སློབ་ཏུ་དཔེ་ཁྲིད་གནང་བ་དང་སྒྲིག་གཞི་བཟོ་རོགས་སོགས་རོགས་ཕན་ཅི་ལྕོགས་གནང་། དཀའ་ངལ་ཅན་ལ་ཁང་པ་གཡར་པ་སོགས་འཕྲལ་སེལ་རོགས་ཕན་བཅས་གནང་གི་ཡོད། དམ་པ་ཁོང་ནས་སློབ་སྦྱོང་ཡར་རྒྱས་ཙམ་མིན་པར་རྟག་ཏུ་ཆོས་ཀྱི་ཉམས་ལེན་གྱི་ཐོག་ནས་ཡ་རབས་མིག་དཔེ་བསྟན་ཏེ་གང་ལ་གང་འཚམས་ཀྱིས་རང་རེའི་སྤྱི་ཚོགས་ལ་ཆོས་དང་འཇིག་རྟེན་གྱི་བསླབ་བྱ་ཟབ་རྒྱ་ཆེ་བ་གང་མང་གནང་ཞིང་སྐྱེ་བོ་མང་པོ་ཡ་རབས་སྤྱོད་བཟང་གི་ལམ་དུ་འཁྲིད་གནང་མཛད། དེ་ལྟར་ཐོག་མར་རྒྱལ་བའི་སྤྱན་སྔར་དམ་བཅས་པ་དེ་བཞིན་དུ་ཉིན་མཚན་དུས་དྲུག་ཏུ་སྐུ་ངལ་བརྒྱ་ཕྲག་ཁྱད་བསད་ཀྱིས་ཕྱག་ལེན་མཐའ་འཁྱོངས་གནང་བའི་ཕྱག་རྗེས་སུ་རིགས་ལམ་སློབ་གཉེར་ཁང་འདི་ཉིད་བཙན་བྱོལ་སྤྱི་ཚོགས་ནང་སློབ་གཉེར་ཁང་ཚད་ལྡན་ཞིག་ཏུ་བསྐྱེད་བསྲིང་གནང་ཡོད།
དབུ་དགེ་མཆོག་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གདན་ཞུས་ལྟར་སོག་ཡུལ་དང་ཨི་ཟི་རེལ། ཉི་ཧོང་། ཨ་རི། ཡོ་རོབ། ཧོང་ཀོང་། རུ་སུའི་ཡུལ་གྲུ་ཁག་བཅས་ཤར་ནུབ་རྒྱལ་ཁབ་ཁག་དུ་མར་ཆིབས་སྒྱུར་བཀྲིན་བསྐྱངས་པའི་ནང་ནས་ཨི་ཟི་རེལ་དུ་བོད་ཀྱི་ནང་པའི་དགེ་སློང་ཞིག་གིས་ཆོས་གསུང་པའི་ཟིན་ཐོ་ཐོག་མར་བཀོད་པ་སོགས་གསུང་ཆོས་ཟབ་རྒྱས་གནང་བ་བཅས་ལ་བརྟེན་རྒྱལ་ཁབ་དེ་དག་དང་ཆོས་སྲིད་ཀྱི་འབྲེལ་ལམ་གང་ལེགས་བྱུང་བ་དང་། ཕྱི་ལོ་ ༡༩༨༥ ཙམ་ནས་ཨ་རིར་གཞིས་ཆགས་པའི་རྒྱ་མིའི་དགེ་སློང་བགྲེས་པོ་བསྟན་འཛིན་བྱམས་ཆེན་ཞུ་བས་ཆོས་ཞུས་པ་ལ་བརྟེན་རིམ་པས་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་བྱུང་ནས་ལྷོ་ཤར་ཨེ་ཤི་ཡ་དང་ཨ་རིའི་ནང་དུའང་སློབ་མ་མི་ཉུང་བ་ཞིག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།
དྷ་ས་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནི་ཕྱི་ལོ་ ༡༩༩༨ ཟླ་བ་ ༨ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞུང་འབྲེལ་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་པ་ནས་བཟུང་ད་བར་ལོ་ངོ་ ༢༥ ཧྲིལ་པོ་སོང་བའི་རིང་གནས་རིམ་འདྲ་མིན་གྱི་ཐོག་སློབ་ཐོན་པ་ ༥༠༠༠ ལྷག་ཟིན་ཡོད།
འཛིན་སྐྱོང་དང་དཔེ་ཁྲིད་སོགས་ཀྱི་ལས་ཞོར་དུ་ཡང་ཆུ་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མ་བཏང་བར་གཞན་ཕན་ཁོ་ནའི་ཀུན་སློང་གིས་རྩོམ་བྲིས་གནང་སྟེ། བློ་རིགས་ཉེར་མཁོ་ཀུན་བཏུས་དང་། དཀའ་གནད་བཞི་འགྲེལ། བློ་རིགས་གོང་མ། ལེགས་བཤད་འཕྲུལ་གྱི་ལྡེ་མིག ཆོས་སྲིད་ཟུང་འབྲེལ་ལ་དཔྱད་པ། བརྡ་སྤྲོད་རིན་ཆེན་བང་མཛོད། རྒུད་མེད་ཡིད་ཀྱི་མེ་ཏོག སྐལ་བཟང་སྒོ་བརྒྱར་འབྱེད་པའི་ལམ་སྟོན། དགུ་གསུམ་ངན་དགུ་མྱངས་པའི་རྔུལ་ཐིགས། མན་ངག་སྒྲུང་གི་རྣམ་འགྱུར། བཟང་སྤྱོད་འཕེལ་བའི་འབེལ་གཏམ། བློ་སྦྱོང་དོན་བདུན་མའི་འགྲེལ་བ། བདེན་པའི་ཚངས་ཐིག་སོགས་ཆོས་སྲིད་རིག་གནས་སྐོར་གྱི་ལྗགས་རྩོམ་དཔར་སྐྲུན་ཟིན་པ་དེབ་གྲངས་༤༠ ལྷག་བརྩམས་གནང་ནས་རིན་གོང་ཆུང་བའི་འགྲེམས་ཚོང་དང་འགའ་ཞིག་རིན་མེད་དུའང་གནང་། དེ་དག་ལས་ཕྱག་དེབ་ཁ་ཤས་སྐད་རིགས་གཉིས་གསུམ་ཐོག་བསྒྱུར་ནས་ཕྱི་རྒྱལ་བ་མང་པོར་ཕན་ཐོགས་ཆེན་པོ་བྱུང་ཡོད། ད་དུང་ཕྱག་དེབ་ཁ་ཤས་དགོན་སྡེ་ཁག་དང་རིག་གནས་འཛིན་གྲྭ་ཁག་འགར་སློབ་དེབ་དང་ཟུར་ལྟའི་དཔྱད་གཞི་བྱེད་པ་སོགས་སྤྱི་ཚོགས་ཁྲོད་དུ་ཕན་རླབས་ཆེན་པོ་ཐོན་ཡོད། དཔར་དུ་མ་འཁོད་པའི་གསུང་རྩོམ་ཐོར་བུའི་གྲས་བརྒྱ་ལྷག་ཙམ་བཞུགས་ཡོད། ད་ཆ་གསུང་རྩོམ་དེ་དག་རིགས་ལམ་སློབ་གཉེར་ཁང་ནས་གསུང་འབུམ་པོད་བཅོ་ལྔའི་ནང་ཕྱོགས་བསྒྲིགས་བགྱིས་ཏེ་དཔར་སྐྲུན་འགྲེམ་སྤེལ་ཞུས་ཡོད།
དེ་བཞིན་ཕྱི་ལོ་ ༡༩༧༨ ལོ་ནས་༸གོང་ས་མཆོག་གི་དགོངས་གཞི་བཞིན་ལྷ་སྲུང་བསྟེན་ཕྱོགས་སྐོར་ལའང་ཞི་བའི་སྒོ་ནས་བདེན་པའི་ལྗགས་རིང་ཀུན་ཏུ་བརྐྱངས་ཏེ་ལེགས་ཉེས་བླང་དོར་གྱི་སློབ་སྟོན་གང་མང་གནང་བ་མ་ཟད། ལྷ་སྲུང་བསྟེན་ཕྱོགས་སྐོར་གྱི་ལེགས་ཉེས་འབྱེད་པའི་གསུང་བདེན་པའི་ཚངས་ཐིག་ཅེས་པའང་ལྗགས་རྩོམ་གནང་ཡོད། བཤེས་གཉེན་དམ་པ་གང་གིས་རྒྱུན་དུ་ཚོགས་སྡེ་དང་མི་སྒེར་སུ་འདྲ་ཞིག་ལ་གསུང་རྒྱུའི་བཀའ་སློབ་གཅིག་ཡོད་པ་ནི་བཅོས་མིན་གྱི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཡ་རབས་གོམས་གཤིས་བཟང་པོ་རྒྱུན་འཇགས། མི་རིགས་ཀྱི་ལ་རྒྱ་གཅེས་འཛིན་བཅས་ཀྱི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་རྒྱུར་འབད་བརྩོན་ཞུ་དགོས་ཞེས་རིན་བྲལ་བཀའ་སློབ་ནན་པོ་ཡང་ཡང་ཕེབས་ཀྱི་ཡོད།
མདོར་ན་དམ་པ་ཁོང་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་བའི་བཀའ་དགོངས་དང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ངལ་ཧུར་བཞེས་གནང་བའི་མཛད་འཕྲིན་རབ་ཏུ་རྒྱས་བཞིན་སྐབས་ཏེ་སྤྱི་ལོ་ ༡༩༩༧ ཟླ་ ༢ ཚེས་ ༤ དགོང་དྲོ་ཆུ་ཚོད་ ༧ ནས་ ༨ ཙམ་ལ་བདུད་ཀྱིས་བརླམས་པའི་མ་རུངས་སྐྱེ་བོས་མ་བཟོད་པར་གཏུམ་དྲག་ཁྲག་སྦྱོར་གྱིས་གློ་བུར་སྐུ་སྲོག་བཀྲོངས་པ་དེ་ནི་ང་ཚོ་རིགས་སློབ་ཀྱི་ཆག་སྒོ་ཙམ་དུ་མ་ཟད་བོད་མི་རིགས་ཀྱི་གྱོང་གུད་གསབ་དཀའ་བ་ཞིག་ཀྱང་ཡིན། ཡིན་ནའང་དམ་པ་ཁོང་གི་ལྷག་བསམ་གངས་ལས་དཀར་ཞིང་། མཛད་འཕྲིན་རྨ་ཀླུང་ལས་རིང་བ། སྐུ་དྲིན་ཇོ་མོ་བླ་རི་ལས་ལྗིད་པ་ཞིག་ཡིན་པས་བོད་ཀྱི་ལོ་རྒྱུས་ཐོག་གཟི་བརྗིད་ཀྱི་རྡོ་རིང་ཞིག་དང་བོད་མི་རིགས་ཀྱི་སེམས་ཁམས་སུ་ཞུམ་པ་མེད་པའི་དུང་ཟླ་ཞིག་ཀྱང་ཡིན། དམ་པ་ཁོང་ནི་མཁས་བཙུན་བཟང་གསུམ་ལྡན་པའི་ཤཱཀྱའི་དགེ་སློང་ཞིག་ཡིན་པ་མ་ཟད་མི་རིགས་ཀྱི་ལ་རྒྱ་འཛིན་མཁས་པའི་རྒྱལ་གཅེས་རིང་ལུགས་པའི་དཔའ་བོ་ངོ་གནོང་མི་དགོས་པ་ཞིག་ཡིན། མདོར་ན་དམ་པ་ཁོང་འཁྲུངས་པ་གཞན་དོན་ཡིན་ལ་གཤེགས་པའང་གཞན་དོན་དུ་ཡིན་པས་ཁོང་སྐུ་འཚོ་བ་ནི་རླབས་ཆེ་ཞིང་འདས་པ་ཡང་གཟི་བརྗིད་ཆེ་བ་ཞིག་ཡིན་ན་ང་ཚོས་མི་རབས་ནས་མི་རབས་སུ་བཀའ་དྲིན་རྗེས་དྲན་ཞུ་འོས་པའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ནོ།།

