༄༅། །ཞིང་གཤེགས་དབུ་དགེ་དམ་པ་མཆོག་གི་ཡང་སྲིད་མཚན་ཉིད་མཁན་སྤྲུལ་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་མཆོག

བོད་ཀྱི་བསྟན་སྲིད་དང་། མི་རིགས། རིག་གཞུང་དང་ཤེས་ཡོན་སོགས་ཀྱི་ཐོག་སྐུ་ངལ་ཚད་མེད་བསྐྱོན་ཏེ་མཐར་སྐུ་སྲོག་ཚུན་ཆད་ཀྱང་བློས་བཏང་བའི་སྒོ་ནས་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་དེ་བོད་གཞུང་མང་སྤྱི་དང་། ལྷག་པར་དུ་རིགས་ལམ་སློབ་གཉེར་ཁང་ལ་གཞལ་དུ་མེད་པའི་བཀའ་དྲིན་གྱི་བདག་ཉིད་ཅན་རིགས་ལམ་སློབ་གཉེར་ཁང་གི་མཁན་པོ་དང་དབུ་དགེ་གཅིག་ལྕོགས་ཞིང་གཤེགས་དམ་པ་མཁས་དབང་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་ཐད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ལོ་ ༢༠༠༡ སྤྱི་ཟླ་ ༤ ཚེས་ ༢༨ ཉིན་དབུ་དགེ་དམ་པའི་ཚ་བོ་རིགས་ལམ་སློབ་ཟུར་ཀོང་རྩེ་ར་བ་དགེ་བཤེས་བློ་བཟང་ཡེ་ཤེས་ལགས་སུ་དབུ་དགེ་རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུལ་བྲལ་མྱུར་ཕེབས་ཡོང་བའི་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་ལམ་སྟོན་གནང་།

ཕྱི་ལོ་ ༢༠༠༦ སྤྱི་ཟླ་ ༢ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་གནས་བཞུགས་ཡབ་ཚེ་རིང་རྒྱལ་མཚན་དང་ཡུམ་སྐལ་བཟང་དབྱངས་སྐྱིད་ལགས་རྣམ་གཉིས་ཀྱི་རིགས་སྲས་བསྟན་འཛིན་ཚེ་བརྟན་ཞུ་བ་དེ་ཉིད་རིགས་སློབ་དབུ་དགེ་དམ་པའི་ཡང་སྲིད་དུ་ངོས་འཛིན་གནང་བའི་བཀའ་ཡིག་བཀའ་དྲིན་སྨིན་སྩལ་བྱུང་ཞིང་། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༤ ཚེས་ ༦ གཟའ་སྐར་དགེ་བའི་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རང་གཞུང་བཀའ་ཤག་དང་ལྷན་ཁང་ཁག བོད་མི་མང་སྤྱི་འཐུས་ལྷན་ཁང་། དགོན་སྡེ་དང་སློབ་གྲྭ་ཁག ཚོགས་སྡེ་ཁག་བཅས་གཞུང་དང་གཞུང་འབྲེལ་མིན་པའི་མཛད་གཙོ་རྣམ་པས་གཙོས་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱི་དབུས་མཚན་ཉིད་མཁན་སྤྲུལ་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་མཆོག་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་ཟབ་རྒྱས་ཞུས་པ་དང་། ཟླ་ ༤ ཚེས་ ༧ ཉིན་རིགས་ལམ་སློབ་གཉེར་ཁང་གི་ཡན་ལག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རིགས་སློབ་མ་ལག་གཉིས་ཀྱི་དགེ་ལས་སློབ་གཉེར་བ་ཡོངས་ཀྱིས་ཕེབས་བསུ་ཟབ་རྒྱས་དང་འབྲེལ་བའི་ཁྲི་འདོན་མཛད་སྒོ་ཞིག་ཀྱང་ཚོགས། སྐབས་དེར་བོད་སྐྱོང་ལྷ་སྲུང་གནས་ཆུང་རྡོ་རྗེ་གྲགས་ལྡན་མཆོག་སྐུ་ཕེབས་ཀྱིས་མ་འོངས་པའི་སློབ་གཉེར་གནང་ཕྱོགས་སོགས་ལ་བཀའ་ལུང་ལམ་སྟོན་ཟབ་རྒྱས་གནང་སྟེ། དགེ་ལས་སློབ་གཉེར་བ་ཡོངས་ལ་སྐལ་བཟང་གི་མཇལ་ཁ་ཡང་གནང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་སྐྱོང་ལྷ་སྲུང་གནས་ཆུང་རྡོ་རྗེ་གྲགས་ལྡན་རྣམ་གཉིས་ནས་མ་འོངས་པའི་སློབ་གཉེར་གནང་ཕྱོགས་ཐད་བཀའ་སློབ་ལམ་སྟོན་གནང་བ་བཞིན། ཕྱི་ལོ་ ༢༠༠༩ སྤྱི་ཟླ་ ༩ ཚེས་ ༢༩ གཟའ་སྐར་འཕྲོས་སྦྱོར་དགེ་བའི་ཉིན་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་དུ་ཆོས་ཞུགས་རྟེན་འབྲེལ་ལེགས་པར་ཞུས། ད་ལྟའི་ཆར་མཚན་ཉིད་མཁན་སྤྲུལ་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་མཆོག་སྐུ་ཁམས་བཟང་ཞིང་ཐོས་བསམ་སློབ་གཉེར་ཤིན་ཏུ་བསྔགས་པར་འོས་པ་གནང་བཞིན་མཆིས་ལགས།